རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    མི་དམངས་དྲ་བ།
སྤྱི་ཟླ་4ཚེས་7ཉིན་ནི་བོད་ཟླ་3ཚེས་11ཉིན་ཡིན་ཞིང་། ཉིན་འདིའི་སྔ་དྲོའི་ཆུ་ཚོད་10ལྷག་ཙམ་དུ་ལྷ་ས་གྲོང་ཁྱེར་གཙུག་ལག་ཁང་གི་འདུ་ཁང་མདུན་དུ་རྟགས་གསལ་གཏོང་བའི་སྐད་སྒྲ་ཆད་མེད་དུ་སྒྲོག་པ་དང་། དགེ་འདུན་པ་ཚོས་བོད་བརྒྱུད་ནང་བསྟན་གྱི་ཚད་མ་རིག་པ་དང་གཏན་ཚིགས་རིག་པ་སོགས་ཀྱི་སྐོར་དུས་ཡུན་ཆུ་ཚོད་2རིང་གི་རྟགས་གསལ་བཏང་བ་རེད།
ཉིན་དེར། ལྷ་ལྡན་གཙུག་ལག་ཁང་གི་ཇོ་ཁང་མདུན་དུ་2017ལོའི་བོད་བརྒྱུད་ནང་བསྟན་གྱི་ལྷ་རམས་པའི་དགེ་བཤེས་ཀྱི་མིང་བཏགས་བརྩོན་ལེན་གྱི་རྟགས་གསལ་གཏོང་བའི་བྱེད་སྒོ་དང་དཔང་ཡིག་སྩོལ་བའི་མཛད་སྒོ་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་གྱི་སེ་ར་དགོན་པ་དང་། འབྲས་སྤུངས་དགོན་པ། དགའ་ལྡན་དགོན་པ། གཞིས་ཀ་རྩེ་གྲོང་ཁྱེར་གྱི་བཀྲ་ཤིས་ལྷུན་པོའི་དགོན་པ། ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་དགོན་དང་། བྱང་སྟོད་དགོན། དབྱེན་འདུམ་དགོན། ནག་ཆུ་ས་ཁུལ་གྱི་རོང་པོ་ར་རྟེན་དགོན་དང་། ཆོས་འཁོར་དགོན་སོགས་ནས་ཡོང་བའི་རྒྱུགས་དཔོན་དགེན་འདུན་པ་10དང་རྟགས་གསལ་གཏོང་བའི་བྱེད་སྒོར་ཞུགས་པའི་ལོ་ཆུང་དགེ་འདུན་པའི་བར་《གཞུང་པོ་ཏི་ལྔ་》ཡི་འབྲེལ་ཡོད་ནང་དོན་སྐོར་རྟགས་གསལ་བཏང་བ་རེད།
དགེ་བཤེས་ནི་བླང་དོར་གྱི་གནས་སྟོན་པའི་དགེ་བའི་བཤེས་གཉེན་ཏེ། ཡོན་ཚད་ཀྱི་གོ་མིང་ཞིག་ཡིན། ལྷ་སའི་གདན་ས་གསུམ་གྱི་ལམ་ལུགས་ལ་གཞིགས་ན་དགེ་བཤེས་ཀྱི་མིང་བཏགས་ལ་གླིང་བསྲེའི་དགེ་བཤེས་དང་། རྡོ་རམས་པའི་དགེ་བཤེས། ཚོགས་རམ་པའི་དགེ་བཤེས། ལྷ་རམས་པའི་དགེ་བཤེས་བཅས་རིམ་པ་བཞི་ཕྱེ་ཞིང་། དེའི་ཁྲོད་དུ་ལྷ་རམས་པའི་དགེ་བཤེས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགེ་འདུན་པ་ཚོས་བརྩོན་ལེན་བྱེད་པའི་མདོ་ཕྱོགས་ཀྱི་མིང་བཏགས་མཐོ་ཤོས་ཡིན་ཞིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་དུས་རྒྱུན་ལོ་རེར་ལྷ་སའི་གདན་ས་ཆེན་པོ་གསུམ་དུ་རེས་མོས་བྱས་ནས་རྟགས་གསལ་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་དགེ་འདུན་པ་ཚོས་སྔོན་འགྲོའི་རྟགས་གསལ་གཏོང་བ་དང་། མཐའ་མཇུག་གི་རྟགས་གསལ་བཏང་བ་བརྒྱུད་ད་གཟོད་མིང་བཏགས་འདི་འཐོབ་ཐུབ་ཀྱི་ཡོད་པ་རེད།