རྡོ་མཁར་རྫོང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།   

 


 


 


 

 

 

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་རྡོ་མཁར་རྫོང་ལ་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་པ་དང་། དེ་ནི་སྔོན་ཆད་བོད་ཡུལ་དང་ཡུན་ནན་ས་ཁུལ་གྱི་མི་རིགས་རིག་གནས་འབྲེལ་འདྲིས་བྱེད་པའི་སྒེའུ་ཁུང་དང་། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་བྱེད་པའི་ལྟེ་བའང་ཡིན།

ཉེ་བའི་ལོ་འགའི་རིང་ལ། ས་གནས་འདི་གའི་ཡུལ་སྐོར་ལས་དོན་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། སེམས་ཀྱི་ཉི་ཟླའི་སྲིད་གཞུང་གིས་རྡོ་མཁར་རྫོང་ལ་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་ལས་ཀར་ཤུགས་བསྣན་པ་དང་། རྡོ་མཁར་རྫོང་གི་ལོ་རྒྱུས་ཀྱི་ཁྱད་ཆོས་ལ་མཐོང་ཆེན་གནང་ཡོད་པ་རེད།

ཐང་དབྱི་ཧྥེང་དང་ཐིའོ་ལོའུ་ལོ་རབས་བར༼སྤྱི་ལོ་676ནས679བར༽ བོད་ཀྱིས་ས་འདིའི་རྫོང་མགོ་རི་བོའི་ཐོག་ནས་མཁར་རྫོང་བཙུགས་པ་དང་། མིང་ལ་རྡོ་མཁར་རྫོང་དུ་བཏགས། བོད་སྐད་ཀྱི་དབང་དུ་བྱས་ན་འདི་ལ་ནང་དོན་གཉིས་ཡོད་པ་དང་། གཅིག་ནི་རྡོའི་སྟེང་ལ་ཆགས་པའི་མཁར་རྫོང་གི་དོན་ཡིན་པ་དང་། གཞན་གཅིག་ནི་ཟླ་འོད་རྫོང་ཞེས་པའི་དོན་ཡིན། རྗེས་སུ་བཙུགས་པའི་རྡོ་མཁར་རྫོང་ནི་རི་རྩེའི་མཁར་རྫོང་ལ་བསྐོར་ནས་གྲུབ་པ་ཡིན། དེ་དང་སྙན་གྲགས་ཡོད་པ་གཞན་ཞིག་ནི་འོ་མ་མཚོའི་འགྲམ་གྱི་རི་རྩེའི་ཐོག་བཙུགས་ཡོད་པའི་ཉི་མ་རྫོང་ཡིན་ལ། དེའི་མཁར་ཤུལ་ནི་སྔར་ནས་ཉམས་ཚར་བ་རེད། སྔར་གྱི་གནས་ཤུལ་ཐོག་མཆོད་རྟེན་དཀར་པོ་ཞིག་བཞེངས་ཡོད། རྡོ་མཁར་རྫོང་ནི་རིའི་དབྱིབས་དང་ཚུགས་ཀར་གཞིགས་་བཙུགས་པ་ཞིག་ཡིན་ཞིང་། ལམ་གྱི་ངོས་མི་སྙོམས་ལ། རང་བྱུང་ཁམས་ཀྱི་ཆགས་དབྱིབས་ལྟར་རྡོ་བཏིང་བ་ཞིག་རེད། ད་ལྟའི་བར་དུ། རྡོའི་ངོས་སུ་རྟའི་རྨིག་རྗེས་བཀོད་ཡོད་པ་མཐོང་ཐུབ་ལ། དེ་ནི་སྐབས་དེའི་ཇ་རྟའི་ཚོང་ལམ་དུ་རྟ་བ་རྣམས་ཀྱིས་བཞག་པའི་རྗེས་ཤུལ་རེད། ཇ་རྟའི་ཚོང་ལམ་བརྒྱུད་པའི་རྟ་བ་རྣམས་ལ་མཚོན་ནས་བཤད་ན། རྡོ་མཁར་རྫོང་ནི་ཇ་རྟའི་ཚོང་ལམ་ཐོག་གི་རྫོང་གལ་ཆེན་ཞིག་དང་ལྟེ་བ་ཞིག་ཏུ་གྱུར་ཡོད་ཅིང་། རྟ་བ་རྣམས་བོད་ཡུལ་དུ་ཐོན་པའི་ས་ཚིགས་དང་པོ་ཡིན། 2001ལོར་རྡོ་མཁར་རྫོང་ལ་ཡུན་ནན་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་ཀྱི་རྫོང་གྲགས་ཅན་ཞེས་པའི་ཆོག་མཆན་ཐོབ་པ་རེད།