རྡོ་ཟམ་ཚ་ཁར་མཇལ་བའི་སེམས་བསྐྱེད།

རྩོམ་པ་པོ།   གླིང་ཚེ་བྷ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།   

མི་ཡུལ་ན་ཇི་འདྲའི་ངོ་མཚར་ཞིང་ལྟ་ན་སྡུག་པའི་མཛེས་ལྗོངས་གང་མང་ཞིག་ཡོད་པ་རེད་ཨང་། མཚོ་བོད་མཐོ་སྒང་གི་ལྷོ་ཕྱོགས་འཛིན་མའི་ཕང་བ་རུ་ལྷ་ཡུལ་གྱི་བཀོད་པ་ཞིག་མི་ཡུལ་གྱི་རྒྱན་དུ་ཆས་པ་ལྟ་བུར་གནས་ཡོད་པ་དེ་ནི་གངས་ཅན་ཁ་བའི་ལྗོངས་ཀྱི་གནས་མཆོག ཡུལ་སྐོར་ལྗོངས་རྒྱུ་བ་ཀུན་གྱིས་སྨོན་ཡུལ་དང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་བའི་སེམས་ཀྱི་ཉི་ཟླ་དེ་ཡིན། རང་ཉིད་ཀྱི་ལྟེ་ཁྲག་འཕོ་ས་དེ་གཅེས་སུ་འོས་པའི་ཕ་ཡུལ་རེབ་གོང་གསེར་མོ་ལྗོངས་ལགས་ཀྱང་ད་ནི་ལས་འབྲེལ་གྱི་དབང་གིས་དགེ་བཅུ་ཚང་བའི་གནས་འདི་གར་ལས་ཀ་བྱེད་པའི་གོ་སྐབས་བཟང་བོ་འཕྲད་པས་རང་སེམས་ཕྲ་མོར་སྤྲོ་བ་ཤིན་ཏུ་བསྐྱེད་པར་བྱུང་།

སེམས་ཀྱི་ཉི་ཟླར་རང་བྱུང་མཚར་སྡུག་གི་མཛེས་ལྗོངས་མང་པོ་ཡོད་ནའང་། དུས་ཚོད་ཀྱི་བཀོད་སྒྲིག་དང་ཁོར་ཡུག་ཆ་རྒྱུས་ཀྱི་དབང་གིས་རྡོ་ཟམ་ཚ་ཁ་ལ་མ་གཏོགས་འགྲོ་བའི་ཁོམ་པ་མ་བྱུང་། ཉིན་འགའི་སྔོན་ནི་ཏག་ཏག་གསར་འགོད་པའི་ཉིན་མོ་ཡིན་པས་ང་རང་ལས་གྲོགས་རྒན་པ་རྣམས་དང་མཉམ་དུ་རྡོ་ཟམ་ཚ་ཁ་ལ་མཇལ་དུ་འགྲོ་བའི་གོ་སྐབས་བྱུང་། འདི་ལས་ཤར་ཕྱོགས་སུ་བསྐྱོད་པའི་ལེ་དབར་བཅུའི་མཚམས་ན་རང་བྱུང་གི་བཀོད་པ་མཚར་དུ་དངར་ལ་མ་བཅོས་ལྷུན་གྱིས་ཆགས་པའི་རྡོ་ཟམ་ཚ་ཁ་དེ་ནི་འགྱིངས་ངེར་ཆགས་འདུག


ང་ཚོ་སྡོད་པའི་རླངས་འཁོར་དེ་ནི་སྲབ་མེད་པའི་རྐྱང་རྒོད་ཞིག་དང་འདྲ་བར་ཞོགས་པའི་ཉི་གཞོན་མདུན་དུ་བསུས་ནས་ཤར་མར་རྒྱུགས་པར་དང་གཡས་གཡོན་གྱི་བཟོ་ཉམས་དོད་པའི་བོད་ཁང་རེ་རེས་མིག་གི་དབང་བོ་ཅིག་ཅར་དུ་འདྲེན་པར་ངེས། ལམ་འགྲམ་གྱི་ལྗོན་པ་དག་ནི་རླུང་གི་རྒྱུ་བ་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་པས་ང་ཚོ་ལྟད་མོ་བ་རྣམས་ལ་བསུ་མའི་རྣམ་འགྱུར་སྟོན་པ་དང་ཀུན་ནས་མཚུངས། རྒན་བཀྲ་ཤིས་དོན་གྲུབ་ཀྱིས་ང་ཚོ་ལ་དགའ་སྤྲོའི་གཏམ་སྙན་གང་མང་གནང་བས་རྡོ་ཟམ་ཚ་ཁ་ལ་ཅི་ལྟར་ཐོན་པའང་མ་ཤེས།

ཕྱོགས་བཞི་ནགས་ཀྱིས་བསྐོར་བའི་ཁུག་གཞོངས་ན་རང་བྱུང་ལྷུན་གྱིས་གྲུབ་པའི་རྡོ་ཟམ་ཞིག་འཕྲེད་དུ་ཆགས་ཡོད་པ་དང་ལྷུང་ལྷུང་ངར་སྐད་སྒྲོག་པའི་ཞོ་རྡོ་སྒང་ཆུས་རྡོ་ཟམ་གྱི་ཞབས་ངོས་བརྒྱུད་དེ་ལེ་དབར་བརྒྱ་ཕྲག་བཞུར་བའི་མཚམས་ནས་འབྲི་ཆུ་དང་འདྲེས་པར་གྱུར། རྡོ་ཟམ་ཚ་ཁ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཞེངས་པའི་རྡོ་ཟམ་ཡང་ཟེར་སྲོལ་ཡོད་ལ། ངག་རྒྱུན་དུ་རྒྱ་གར་ནས་འབྲི་ཆུའི་ཕྱོགས་སུ་འཕུར་བའི་འབྲུག་ཆེན་ཞིག་ད་ལྟའི་ཞོ་རྡོ་སྒང་ཆུའི་ལམ་བར་འདི་བརྒྱུད་དུས་ཏག་ཏག་ཞོགས་པའི་བྱ་སྐད་གྲགས་པའི་དུས་དང་འཁེལ་བས་གཡུ་འབྲུག་འདི་ཞོ་རྡོ་སྒང་ཆུའི་སྟེང་ལ་གཏན་ཏུ་འཕྲེད་ཉལ་བྱས་སྟབས་ཆུ་བོ་བཀག་ནས་གོང་གི་གྲོང་སྡེ་མང་བོ་བསྣུབས་བྱུང་། སྐབས་དེར་གནས་འདིར་རྩེ་གཅིག་སྒྲུབ་སྒོམ་ལ་གཞོལ་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཉིན་ཉེར་གཅིག་རིང་གི་སྒྲུབ་སྒོམ་ཚར་རྗེས་བྲག་ཁུང་གི་ཕྱིར་ལ་ཕེབས་དུས་འབྲུག་ཆེན་ཞིག་ཞོ་རྡོ་སྒང་ཆུའི་སྟེང་དུ་འཕྲེད་ཉལ་བྱས་ཡོད་པ་མཐོང་ལ་གོང་གི་གྲོང་སྡེ་བརྒྱད་ཀྱི་ཞིང་འབྲོག་ས་དང་། སྡོད་ཁང་ཚང་མ་ཆུས་བསྣུབས་ནས་སྐྱེ་དངོས་དང་སེམས་ཅན་མང་བོར་གནོད་འཚེ་ཐེབས། ཆུ་ལོག་གིས་འབྲུག་ཆེན་གྱི་སྒལ་དཀྱིལ་ཡོངས་སུ་བཀང་བ་དང་སྒལ་དཀྱིལ་ནས་རྦབ་ཆུ་ཞིག་མར་འབབ་པའི་བཟོ་ཉམས་ཡོངས་སུ་གྲུབ། རྣམ་པ་འདི་མཐོང་བས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཐུ་དང་ནུས་པར་བརྟེན་ནས་ཆུ་ལོག་མར་བཞུར་དུ་བཅུག་པ་དང་བརྗིད་ཉམས་ལྡན་པའི་རྡོ་ཟམ་ཞིག་བཞེངས་པར་བརྩམས་པ་ན། ཉེ་འགྲམ་གྱི་རྒན་པོ་ཞིག་གིས་མཐོང་བ་དང་སློབ་དཔོན་གྱིས་རྒན་པོ་ལ་ཉིན་ཉེར་གཅིག་རིང་གནས་ཚུལ་འདི་རིགས་སུ་ལའང་སྨྲ་མི་རུང་བའི་གསང་རྒྱ་བྱ་དགོས་པའི་ཁ་དམ་བྱས་ཀྱང་ཉིན་འགའ་འགོར་རྗེས་རྒན་པོ་དེས་སེམས་ཀྱི་གསང་བ་དེ་ཕྱི་ལ་ཤོར་བས་གྲོང་མི་རྣམས་འཚང་ཁ་ཤིག་ཤིག་གིས་གནས་དེར་ཐོན་པས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཐུ་དང་ནུས་པ་བཀོལ་ཐབས་མ་བྱུང་བར་རང་བྱུང་ཟམ་པ་ལས་འཕྲོ་ལྟ་བུར་ལུས། ཟམ་པའི་ཞབས་ཏུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཟམ་པ་བཞེངས་སྐབས་ཀྱི་ལག་རྗེས་དང་ཞབས་རྗེས་འཁོད་ཡོད་ཅེས་བོད་ཀྱི་གླེགས་བམ་དུ་ཡང་དེའི་སྐོར་གྱི་གནས་ཚུལ་བཀོད་ཡོད། ད་ལྟ་ང་ཚོས་མཐོང་སྣང་དུ་གྱུར་བའི་རྡོ་ཟམ་ཚ་ཁའི་མཐོ་ཚད་ལ་སྨི70དང་། ཞེང་ལ་སྨི8 རིང་ཚད་ལ་སྨི500ལྷག་ཡོད།

སྔོན་ཆད་ས་ཁུལ་འདིའི་ཟམ་པ་མང་ཤོས་ནི་ཤིང་ལས་བཟོས་པ་ཡིན་པས་ཆར་ཆུ་གྱིས་གནོད་པ་མང་དུ་བཟོས། འགྱུར་མེད་སྲ་བརྟན་གྱི་རྡོ་ཟམ་ཚ་ཁ་ནི་ཇ་རྟའི་གནའ་ལམ་གྱི་ངེས་པར་བརྒྱུད་སའི་ལམ་ཞིག་ཡིན་ལ་རྟ་པ་ཚོས་ངལ་གསོ་བྱེད་སའི་ཡུལ་ཞིག་ཏུའང་གྱུར་ཡོད། རྡོ་ཟམ་ཚ་ཁའི་འོག་ན་རང་བྱུང་དུ་བརྡོལ་བའི་ཆུ་ཚན་ཞིག་ཡོད་པས་སྐྱེ་འགྲོའི་ནད་ཀུན་སེལ་བར་མངོན་གསལ་གྱི་ཕན་ནུས་ལྡན་པ་དང་དབྱར་དགུན་སྟོན་དཔྱིད་གང་རུང་གི་དུས་ཚིགས་སུ་འདི་གར་འཁྲུས་བྱེད་པར་ཡོང་བའི་མགྲོན་པོ་ནི་རྐང་དྲུག་ཁྱུ་ཚོགས་ཤིག་པདྨའི་ཟེའུ་འབྲུ་ལ་སྲེད་པ་བཞིན་རྒྱུན་མ་ཆད་པར་ཕེབས་དང་ཕེབས་མུས་སུ་མཆིས། གཞན་ཡང་འདི་གའི་གཡས་གཡོན་དུ་རྫ་རིའི་བསྐོར་བ་དང་ཕྱོགས་བཞིར་སྔོ་ལྗང་ལྗང་གི་ནགས་ཚལ་གྱིས་ཡོངས་སུ་བཀང་ཡོད། སྒྲུབ་ཕུག་དང་གནམ་གྱི་ཕྱི་རོལ་ནས་ལྷུང་བའི་བྲག་རྡོ། བརྩེ་དུང་གི་སྡོང་བོ། ལས་འབྲེལ་གྱི་ལམ་བུ། གསེར་གྱི་རུས་སྦལ་གྱིས་ཟླ་བར་གཟིགས་པ་སོགས་མཛེས་ཉམས་སྟོང་གིས་ཕྱུག་པའི་རང་བྱུང་མཛེས་ལྗོངས་གང་མང་ཡོད་པས་འདི་གར་སླེབས་པའི་མི་རྣམས་ཀྱིས་གནས་མཆོག་འདི་ནི་ལྷ་ཡུལ་གྱི་བཀོད་པ་དང་གཅིག་ཏུ་མཐུན་ནོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་མཁའ་ལ་གཏོར་བཞིན་པ་ལགས་སོ། །