རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ལོ་རེར་ཐེངས་གཅིག་འཚོགས་བཞིན་པའི་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་དེ་ཟླ6པའི་ཚེས2ཉིན་ནས་ཚེས4ཉིན་བར་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་ལ་རྩ་ཐང་ནས་འཚོགས་པ་རེད། ཚེས2ཉིན་གྱི་སྔ་དྲོར་ལ་རྩ་ཐང་གི་ག་ས་གང་དུ་རྟ་རྒྱུག་འགྲན་ཞུགས་པ་དང་ལྟད་མོ་བས་བཀང་ཡོད་པ་དང་། 2014ལོའི་སེམས་ཀྱི་ཉི་ཟླ་ལྔ་པའི་རྟ་རྒྱུག་དེ་གནས་འདི་ནས་གཟབ་རྒྱས་ངང་འགོ་བརྩམས།
སེམས་ཀྱི་ཉི་ཟླའི་རང་བྱུང་ཁོར་ཡུག་མཛེས་ཤིང་སྡུག་ལ། གངས་རི་དང་གྲོག་རོང་། སྤང་ཐང་། མཚོ་དང་མཚེའུ། ཆོས་ལུགས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་སོགས་གཞི་གཅིག་ཏུ་འདྲེས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་གྱིས་གནས་ཡོད། མི་རིགས་དང་། རིག་གནས། ཆོས་ལུགས་མང་པོ་མཉམ་དུ་འདྲེས་ནས་ཀུན་གྱིས་སྨོན་པ་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད། ཐེངས་འདིར་རང་བྱུང་དང་། འཆམ་མཐུན། འཕེལ་རྒྱས་ནི་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་གི་བརྗོད་བྱ་གཙོ་བོར་བཞག་ཡོད་ཅིང་། རྟ་རྒྱུག་ནི་སེམས་ཀྱི་ཉི་ཟླའི་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཡིན་པ་དང་། ལོ་རེར་ཐེངས་རེ་འཚོགས་བཞིན་པ་འདིས་མཐོ་སྒང་རྟའི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་བཞིན་པ་མཚོན་ཡོད། གོང་རིམ་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག སེམས་ཀྱི་ཉི་ཟླའི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་མདུན་དུ་བསྐྱོད་པ། མི་རིགས་སོ་སོ་མཐུན་སྒྲིལ་ལྡན་པ། རིག་གནས་དར་རྒྱས་བྱུང་བ། མི་དམངས་རྣམས་ལ་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། སེམས་ཀྱི་ཉི་ཟླའི་རྟ་རྒྱུག་ནི་ཡུན་ནན་ཞིང་ཆེན་གྱི་འབོར་ཐེངས་གསུམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་རྣམ་གྲངས་མིང་ཐོའི་ནང་དུ་ཚུད་ཡོད།
རྟ་རྒྱུག་འགོ་རྩོམ་པའི་མཛད་སྒོའི་ཐོག རྒྱལ་ཐང་གྲོང་རྡལ་གྱི་སྐོར་བྲོ་དང་། འབའ་ལུང་ཐུང་ལི་གྲོང་ཚོའི་ཨ་ཁྲི་མུའུ་ཀཱ་འཁྲབ་སྟོན་ བྱས་ཡོད་ཅིང་། དེར་མ་ཟད། བོད་ཀྱི་གླུ་བའམ་འཁྲབ་སྟོན་པ་གྲགས་ཅན་ཕུར་བ་སྐྱབས། སེམས་ཀྱི་ཉི་ཟླའི་ཚན་སྡེབ། གངས་རིའི་བུ་ཕྲུག་ཚན་སྡེབ། ན་གཞོན་གླུ་བའི་འགྲན་བསྡུར་སྟེང་གི་ཕུལ་བྱུང་གླུ་བས་འཁྲབ་སྟོན་ཕུན་སུམ་ཚོགས་པ་ཕུལ་བས། ལས་ཡུལ་དངོས་ཀྱི་རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་ཡོད།