རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2017-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
གཅིག ཁ་བཏགས་དར་ཚུལ།
ཁ་བཏགས་འདི་འཛམ་གླིང་དུ་ཐོག་མར་གསར་བཏོད་མཁན་བོད་ཡིན། སྤྱིར་གནའ་བོའི་ལོ་རྒྱུས་དག་ལས་ཁ་བཏགས་ཀྱི་ལོ་རྒྱུས་དང་བྱུང་བ་ཁོངས་དག་ཅིག་ཧ་ཅང་རྙེད་དཀའ། རེད་དེ་བོད་ཀྱི་ཡུལ་སྲོལ་དང་རྒན་རབས་ཀྱི་ངག་རྒྱུན་དག་ལོ་རྒྱུས་དང་བསྡུར་ཏེ་དཔྱད་ན། ཁ་བཏགས་ནི་གནའ་བོའི་བོད་ཀྱི་སྤྱི་ཚོགས་སུ་དར་བའི་དམུ་ཐག་ཅེས་པ་དང་འབྲེལ་བ་ཡོད་པར་སྣང་། དམུ་ཐག་ཅེས་པ་ནི་གནའ་བོའི་ཐ་སྙད་ཅིག་སྟེ་གནམ་སའི་བར་གྱི་ཐག་པ་སྟེ་ཐག་པ་དཀར་པོའི་སྐས་ཐེམ་ལྟ་བུ་ཞིག་ཡོད་པར་ངོས་འཛིན། དེ་ནི་བོད་རྒྱལ་ཐོག་མ་བཙན་པོ་གཉའ་ཁྲི་ནི་དམུ་ཐག་ཅེས་པ་དེ་བརྒྱུད་ནས་ལྷ་ཡུལ་ནས་མི་ཡུལ་ལ་བབས་པར་ངོས་འཛིན་གནང་། མ་ཟད་གནམ་གྱི་ཁྲི་བདུན་ཡང་འདས་ཁར་དམུ་ཐག་ལ་འཇུས་ནས་གནམ་སྟེ་ལྷ་ཡུལ་ལ་གཤེགས་སོང་བར་གྲགས།འདི་ནི་ང་ཚོའི་ལོ་རྒྱུས་ལ་གྲགས་པའི་གཏམ་རྒྱུད་རེད།གཏམ་རྒྱུད་འདིས་བོད་སྤྱི་ཚོགས་སུ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི་དུས་དེ་ནས་བཟུང་མི་རྣམས་ཀྱིས་སོ་སོའི་སེམས་ནང་དུ་དམུ་ཐག་ཅེས་པའི་ཡ་མཚན་པའི་ཐག་སྐས་དེ་ལ་འཇུས་ནས་ལྷ་ཡུལ་ལ་འགྲོ་ཐུབ་ན་སྙམ་པའི་རེ་བ་དེ་འཚོ་བའི་གླེང་བྱ་དང་ཕུགས་འདུན་མངོན་སུམ་དུ་གྱུར་སོང་། དེ་རྗེས་རིམ་གྱིས་སྐུ་མགྲོན་གལ་ཆེན་དང་ནང་མི་སེར་སྐྱ་ཕར་སྐྱེལ་ཚུར་བསུའི་སྐབས་སུ་ལྷ་ཡུལ་ནས་མར་འོང་བ་དང་ཡང་ན་ཡར་ལྷ་ཡུལ་ལ་འགྲོ་བའི་རྟེན་འབྲེལ་མཚོན་བྱེད་དུ། ས་དཀར་དང་རྩམ་པས་གོས་ཀྱི་གོང་བའི་སྟེང་དུ་དཀར་ཐིག་རྒྱག་པའི་སྲོལ་དར། བར་སྐབས་ཤིག་ནས་བལ་དཀར་པོའི་སྐུད་པ་རེ་ཕྲག་སྟེང་དུ་འཐེན་པ་དང་བཙེམ་པ། བལ་དཀར་པོ་འབབ་མ་རེ་སྟེར་བ་དང་བལ་འཐག་གྲུབ་བྱས་པ་མགུལ་དུ་འཐེན་པ་སོགས་བྱུང་། རིམ་གྱིས་བླ་དཔོན་སོགས་མཇལ་འཕྲད་དང་སྐྱེལ་བསུའི་སྐབས་ཀུན་ཏུ་སྤྱོད་སྒོ་ཇེ་ཆེར་སོང་།
གཉིས། ཁ་བཏགས་ཀྱི་མཚོན་དོན།
རྗེས་སུ་སོག་པོས་བོད་ས་གནས་མི་ཉུང་བ་དབང་སྒྱུར་སྐབས་སུ་བོད་ཀྱི་སྐུ་དྲག་བླ་དཔོན་དག་ལ་འཚམས་ཆེད་དར་གོས་དཀར་པོས་མགུལ་གཡོག་པ་དང་ཕྱག་ཏུ་འབུལ་བའི་སྲོལ་དར། སྐབས་འདི་ནས་བཟུང་ཁ་བཏགས་ཀྱི་མིང་འདི་མངོན་གྱུར་བྱུང་བར་མ་ཟད། ཁ་བཏགས་ཀྱི་མཚོན་དོན་ལའང་འགྱུར་བ་ཕྱུང་སྟེ། ཁ་བཏགས་ནི་ཁ་དགེ་བཀྲ་ཤིས་ཀྱི་སྣེ་ཁྲིད་པ་དང་ཁ་གཡང་གི་མགྲིན་ཚབ་པ། མཐུན་སྒྲིལ་གྱི་ལམ་ཁྲིད་པ།མི་དེ་མཐོང་ཆེན་དང་གུས་བཀུར་གྱི་རྣམ་པ་མཚོན་བྱེད་ཅིག་ཏུ་གྱུར།དེ་བཞིན་རྒྱུ་སྤས་དར་གོས་སྣ་ཚོགས་དང་། ཁ་དོག་དཀར་སེར་དམར་ལྗང་སྔོན་པོ་སོགས། རི་མོ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དང་པ་ཏྲའི་རིགས་སོགས།རྣམ་པ་དང་ཆེ་ཆུང་། རིང་ཐུང་སོགས་འདྲ་མིན་སྣ་ཚོགས་སུ་འགྱུར་བ་བྱུང་སྟེ་ཉིན་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ནས་དར་ཁྱབ་ཏུ་སོང་། དེ་བཞིན་དཀར་ཞིང་གཙང་བའི་གྲུབ་ཆ་འདིས་གཏོང་ཡུལ་གྱི་ལུས་ངག་ཡིད་གསུམ་ལ་ཉེས་སྐྱོན་གྱི་དྲི་མས་མ་སྦགས་པས་ཁ་བཏགས་གཏོང་རིན་ཡོད་པ་དང་།གཏོང་མཁན་གྱི་ལྷག་བསམ་དེ་དྲི་མས་མ་གོས་པའི་དྭངས་གཙང་ཞིག་ཡིན་པ་མཚོན་ཡོད། སྲིད་ན་རིང་བའི་གྲུབ་ཆ་འདིས་གཏོང་ཡུལ་དང་གཏོང་མཁན་གྱི་འབྲེལ་ལམ་དང་བརྩེ་བ་ཆུ་རྒྱུན་ལས་ཀྱང་རིང་བ་མཚོན་གྱིན་ཡོད། ཁ་ཚར་མང་བའི་གྲུབ་ཆ་འདིས་མངའ་ཐང་སྟོབས་འབྱོར་དར་བའི་རྟེན་འབྲེལ་མཚོན་གྱིན་ཡོད། དེ་མིན་དམངས་ཁྲོད་དུ་གཏོང་ཡུལ་མི་འདྲ་བ་དང་གནས་ཚུལ་མི་འདྲ་བ་སྣ་ཚོགས་ཀྱིས་དབང་གིས་མཚོན་དོན་དང་གཏོང་ལུགས།ཁ་བཏགས་ཀྱི་བཤད་པ་སོགས་ཀྱང་འདྲ་མིན་སྣ་ཚོགས་ཚོགས་ཤིག་འོང་གིན་ཡོད་པས་སྐབས་ཐོབ་མི་འདྲ་བའི་གོ་བའང་མི་འདྲ་བ་སྣ་ཚོགས་ལེན་རྒྱུ་ཡོད་པ་ཡིན། དེ་བཞིན་རྒྱ་ནག་ལ་དར་དེ་ཆིང་རྒྱལ་རབས་ཀྱི་སྐབས་སུ་གོང་མའི་ནང་མཛོད་ནས་དར་བའི་ཁ་བཏགས་འདོམ་གསུམ་མ་སོགས་མང་དུ་བྱུང་། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་ན་ཁ་བཏགས་དཀར་པོ་དེ་ལྷག་ཏུ་ལག་ལེན་བྱ་བའི་སྲོལ་ཆེས་ཆེར་དར་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་དེ་ནི་སྤྲོ་སྣང་དང་ཁྱད་མཚར་ལྡན་པའི་ཡུལ་སྲོལ་རིག་གནས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད།
གསུམ། ཁ་བཏགས་ཀྱི་མིང་།
དེ་བཞིན་ཁ་བཏགས་ཀྱི་མིང་ལའང་སྣ་ཚོགས་བྱུང་སྟེ། ཁ་བཏགས། ནང་མཛོད། དར་ཁ། ཁ་དར། ཨ་ཤེ སྐྱ་ཆེན། འདོམ་གསུམ་མ། ཉིན་མོ་བདེ་ལེགས། དཀོན་མཆོག་རིན་ཆེན། ལྷ་རེག ལྷ་རྫས། མཇལ་དར། བསོད་བཏགས། འཕྲིན་ལས་དར་རྒྱས་སོགས་ཡུལ་དུས་མི་འདྲ་བའི་མིང་སྣ་ཚོགས་བྱུང་ཡོད།
བཞི། ཁ་བཏགས་གཏོང་ཡུལ།
ཁ་བཏགས་འབུལ་ཡུལ་ནི་མཆོག་གསུམ་གྱི་རྟེན་གསུམ་མཆོད་མཇལ། ལྷ་གསོལ་བསང་གཏོང་། བླ་དཔོན་མཇལ་འཕྲད་དང་། འཚམས་འདྲི། དགའ་རྟགས། གཟེངས་བསྟོད། མགྲོན་པོ་སྐྱེལ་བསུ། གཉེན་སློང་། ཞུ་བཤགས། དུས་སྟོན། གླུ་གཞས། དེ་བཞིན་ལེགས་སྐྱེས་གནང་སྦྱིན་འབུལ་བ་སོགས་ཀྱི་དངོས་རྫས་དག་དང་ལྷན་དུའང་ཁ་བཏགས་རེ་འབུལ་སྲོལ་ཡོད་པ་སོགས་བཀྲ་ཤིས་དགེ་ལེགས་སོགས་ཀྱི་མཚོན་དོན་གང་མང་ལ་འབུལ་ཆོག་པ་ཡིན།
ལྔ། ཁ་བཏགས་འཛིན་ལུགས།
རྒྱུན་པར་ཁ་བཏགས་གཏོང་སྐབས་ཞིང་ཆེ་བ་ཞིག་ཡིན་ན་ཉིས་ལྟེབ་བྱ་ཞིང་གཏོང་ཡུལ་ལ་ལྟེབ་ཁ་འཁོར་བ་དང་། རང་ལ་ལྟེབ་ཁུགས་འཁོར་བར་བྱས་ནས་འབུལ་དགོས།དེ་ནི་གཙོ་བོའི་མཚོན་དོན་དེ་ཆོས་རྣམས་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བས། ཁ་དགེ་བཀྲ་ཤིས་དང་བསོད་ནམས། ཕྱྭ་གཡང་ནོར་ལོངས་སྤྱོད་བཅས་ལེགས་ཚོགས་ཐམས་ཅད་ཁ་བཏགས་ཀྱི་ལྟེབ་ཁུགས་སུ་བཞག་སྟེ་གཏོང་ཡུལ་ལ་ཁ་ཕྱོགས་ནས་འབུལ་བ་དང་། དཔེར་ན་རིན་པོ་ཆེའི་སྣོད་ནང་དུ་གསེར་དངུལ་བླུགས་སྟེ་སྣོད་ཀྱི་ཁ་འབུལ་ཡུལ་ལ་ཕྱོགས་ནས་ཕུལ་བ་ལྟ་བུ་ཡིན། གུས་པ་མཚོན་དགོས་རིགས་ལ་ལུས་ཅུང་མདུན་དུ་གུག་པ་དང་། ལག་ཟུང་གིས་ཁ་བཏགས་མཐོ་སར་འདེགས་དགོས།
དྲུག ཁ་བཏགས་གཏོང་ལུགས།
ཁ་བཏགས་གཏོང་ལུགས་ལ་ཁྱད་པར་དང་མཚོན་དོན་ཆེན་པོ་ཡོད། དཔེར་ན་ཁ་བཏགས་གཏོང་ཡུལ་ལ་གུས་པ་མཚོན་དགོས་པའི་རིགས་ཏེ། ཡོན་ཏན་པ་དང་བླ་དཔོན་སོགས་མི་སྣ་དྲག་ཤོས་དང་ལྷག་ཏུ་རང་གི་དགེ་རྒན་ཕ་མ་སོགས་གུས་པ་མཚོན་དགོས་པའི་རིགས་ཡིན་ན། ཁ་བཏགས་འབུལ་སྐབས། ལུས་ཀྱི་གུས་པ་དང་བཅས་གཏོང་ཡུལ་གྱི་ཅུང་དམའ་ས་སྟེ་ཕྱག་དང་མདུན་དུ་འབུལ་དགོས་པ་ལས་ཕྲག་སྟེང་དང་མགུལ་དུ་བསྒྲོན་ན་གུས་ལུགས་དང་མི་ཆོས་ལ་གོ་རིམ་མེད་པ་མཚོན་པས་མི་ལེགས་པ་ཡིན། དེ་བཞིན་རང་དང་མཉམ་པའི་གྲོགས་པོའམ་འབྲེལ་བ་སྤྱིར་བཏང་བ་དག་ལ་ཕྱག་ནས་ཕྱག་ཏུ་གཏོང་ལེན་བྱས་ན་ཧ་ཅང་ལེགས་པོ་ཡོད།དེ་མིན་དགེ་རྒན་སོགས་མི་སྣ་གལ་ཆེན་དག་གིས་རང་གི་སློབ་མ་སོགས་སྤྱིར་བཏང་གི་མི་དཀྱུས་མ་དག་ལ་ཁ་བཏགས་གཏོང་སྐབས་དང་། ཁ་བཏགས་དང་ལེན་སྐབས་སོགས་སུ་མགུལ་དུ་ལེན་པ་དང་མགུལ་དུ་བསྒྲོན་དགོས་པ་ཡིན། འདི་ནི་སྤྱིར་བཏང་རྒྱུག་ཆེ་བའི་ཁ་བཏགས་གཏོང་ཚུལ་ཡིན་ལ་དེ་མིན་སྐབས་ཐོབ་ཀྱི་དགོས་དབང་དང་དམིགས་ཡུལ་མི་འདྲ་བས་དམངས་ཁྲོད་དུ་གཏོང་ཚུལ་དང་ལེན་ཚུལ་མི་འདྲ་བ་མང་དུ་དར་ཡོད།
བདུན། ཁ་བཏགས་ཀྱི་ཐོབ་ཐང་།
དེང་གི་ཁ་བཏགས་ཀྱི་ཁ་དོག་ལ་དཀར་པོ། སེར་པོ། དམར་པོ། སྔོན་པོ། ལྗང་ཁུ་སོགས་སྣ་ལྔ་ལས་གྲུབ་པ་ཡོད་ལ། དཀར་པོ་ནི་སྐྱེ་བོ་མཆོག་དམན་སུ་ཡིན་ཁྱད་མེད་པར་གཏོང་ལེན་བྱ་ཆོག་པར་མ་ཟད། མཚོན་དོན་དང་གྲུབ་ཆའང་ཕུན་སུམ་ཚོགས་པས་སྤྱི་ཚོགས་ཁྲོད་དུ་ཧ་ཅང་རྒྱུག་ཆེ་བའི་ཁ་བཏགས་གཅིག་པུ་དེ་ཡིན། ཁ་བཏགས་ཀྱི་ཐོབ་ཐང་ལྟར་བཤད་ན་སྔོན་པོས་ནམ་མཁའ་མཚོན་པས་གོ་གནས་ཆེས་མཐོ་ཤོས་ཡིན། དེ་ནས་སྤྲིན་པ་དཀར་པོ། རླུང་དམར་པོ། ས་སེར་པོ། ཆུ་ལྗང་ཁུ་སོགས་སོ་སོའི་ཁ་དོག་མཚོན་པ་ཡིན། ཁ་བཏགས་འབུལ་སྐབས་སྔོན་པོ་དང་དཀར་པོ་དམར་པོ་གསུམ་གྱིས་གཏོང་ཡུལ་མཚོན་པས་སྟེང་ཕྱོགས་སུ་འཇོག་པ་དང་། སེར་པོ་ལྗང་ཁུ་གཉིས་ཀྱིས་རང་ཉིན་མཚོན་པས་འོག་ཏུ་བཞག་སྟེ་འབུལ་དགོས། དེའི་ཕྱིར་སྣ་ལྔ་ལས་རྒྱུན་པར་དཀར་པོ་འདི་མི་སུ་ཡིན་གྱིས་སྤྱོད་བདེར་གྱུར་ཡོད་པ་དང་། གཞན་པ་དག་ལ་མཚོན་དོན་ཐུན་མིན་རེ་ལྡན་པས་གོ་རིམ་དང་དམིགས་ཡུལ་ཡོད་པའི་འོག་ནས་ལག་བསྟར་བྱ་དགོས་པ་ལས། བྱུང་རྒྱལ་དུ་གཏོང་རྐྱང་ཞིག་མིན་པ་ཤེས་དགོས།
བརྒྱད། ཁ་བཏགས་མི་གཏོང་བའི་ཡུལ།
མ་གཞི་ཁ་བཏགས་ཀྱིས་ནི་བཀྲ་ཤིས་དང་། བདེ་སྐྱིད། བརྩེ་བ། བསོད་ནམས། ཆེ་བ། གུས་པ། ཁ་དགེ་ཞལ་དྲོ་སོགས་ཕུན་སུམ་ཚོགས་པའི་དགོད་སྒྲ་དང་འཛུམ་མདང་ཞིག་མཚོན་གྱིན་ཡོད་པས།མི་ཤི་ཁྱིམ་སྟོང་དང་།བཀྲ་མི་ཤིས་པའི་དོན་རྐྱེན་སོགས་ལ་ཁ་བཏགས་གཏོང་ན་མི་ལེགས་པ་ཡིན་ལ།གཏོང་སྲོལ་ཡང་ཆེར་མེད་པར་སྣང་།
དགུ། ཁ་བཏགས་ལ་ཚང་དགོས་པ།
ཁ་བཏགས་ལ་འཛོམས་དགོས་པའི་ཆ་རྐྱེན།
གཅིག དྭངས་གཙང་དྲི་མས་མ་གོས་པ།
གཉིས། སྲིད་ན་རིང་བ།
དེས་ན་ལྷག་ཏུ་བོད་མི་ཞིག་ཡིན་ཕྱིན་ཁ་བཏགས་ཀྱི་བྱུང་རིམ་དང་གཏོང་ཚུལ་མཚོན་དོན་སོགས་ཀྱི་རྒྱུན་ཤེས་འདི་འདྲ་རེ་མ་ཤེས་ཐབས་མེད་དུ་སྣང་བས་འདི་ལ་དོ་སྣང་གནང་རྒྱུ་དེ་གལ་ཆེན་ཞིག་ཏུ་ཆགས་ཡོད།