རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-05   རྩོམ་ཁུངས།    མི་དམངས་དྲ་བ།
མི་དམངས་དྲ་བའི་འཕྲིན།ཟླ་5ཚེས་1ཉིན།བྲག་གསུམ་མཚོའི་རྒྱལ་སྤྱིའི་རི་ཁུལ་གྱི་རྐང་འཁོར་ལྗོངས་ཕྱིའི་འགྲན་བསྡུར་སྐབས་ལྔ་པ་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་རྒྱ་མདའི་བྲག་གསུམ་མཚོའི་མཛེས་ལྗོངས་སུ་འགོ་ཚུགས་ཤིང་།རྒྱལ་ཁབ་ཕྱི་ནང་གི་བདམས་ཐོན་པ་117ཙམ་འགྲན་བསྡུར་ནང་ཞུགས་པ་དང་། ཁོང་ཚོས་འགྲན་རྩོད་དྲག་པོར་བྱས་པ་དང་།དུས་མཚུངས་སུ་བྲག་གསུམ་མཚོའི་ངོ་མཚར་བའི་མཛེས་ལྗོངས"ཉམས་སུ་མྱོང་བ་རེད།
ངོ་སྤྲོད་བྱས་པ་ལྟར་ན།ད་རེས་ཀྱི་འགྲན་ལམ་གྱི་རིང་ཚད་ལ་སྤྱི་ལེ་99ཡོད་པའི་ཁྲོད་ནས་90%ཡན་ནི་རི་ཁུལ་དང་།ནགས་ཚལ། རི་ལམ། རྡོ་ཧྲུག སྤང་བཅས་ཡིན་པ་དང་།10%ནི་གཞུང་ལམ་ཡིན་པ། འགྲན་བསྡུར་དུས་ཡུན་ཉིན་གཉིས་ལ་བགོས་ཡོད་པ་རེད།ཉིན་དང་པོར།བདམས་ཐོན་པས་མཛེས་ལྗོངས་ཁུལ་གྱི་སྒོ་རྩ་ནས་ཐོན་ཏེ། སྲོལ་རྒྱུན་གྱི་བྲག་གསུམ་མཚོའི་སྐོར་ལམ་ནས་བྱེ་པ་གྲོང་ཚོའི་བར་ཡིན་པ་དང་།ཉིན་གཉིས་པར་བྱེ་པ་གྲོང་ཚོ་ནས་སྐྱེམས་མཚོ་རི་ཁུག་བརྒྱུད་དེ་ཟམ་གདོང་རྩ་ཐང་བར་ནས་ཕྱིར་ལོག་རྒྱུ་རེད།འགྲན་ལམ་ཧྲིལ་པོའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་སྨི་3600ལྷག་ཡོད་པ་དང་། དེའི་དབང་གིས་བདེ་འཇགས་ལ་འགན་སྲུང་བྱེད་ཕྱིར། སྒྲིག་འཛུགས་བྱེད་མཁན་གྱིས་སྨན་བཅོས་འགན་སྲུང་བྱས་ཡོད་པ་རེད།
འགྲན་ལམ་ནི་ལོ་ངོ་ཁྲི་སྟོང་མང་པོར་བོད་པ་ཚོའི་གནས་སྐོར་ལམ་ཡིན་ཞིང་།མེ་ཏོག་གི་དྲི་བསུང་འཐུལ་བ་དང་།རང་བྱུང་མཛེས་ལྗོངས་ཀྱིས་བརྒྱན་པ།ལམ་བར་དུ་མཆོད་རྟེན་དང་། དར་ལྕོག མ་ནི་རྡོ་ཕུང་སོགས་མང་ལ། སྒྲུབ་ཕུག་སོགས་ཀྱང་མང་ཞིང་།ཚང་མས་བྲག་གསུམ་མཚོ་སྐོར་ནས་ཡོད་པས་རི་ཆུ་དབྱེར་མེད་ལྟར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་རེད།
ཨ་རི་ནས་ཡོང་བའི་བདམས་ཐོན་པ་(DaniBulgrien)གྱིས་ད་བར་དུ་སྤྱི་ལེ་152བཏང་ཞིང་།ད་རེས་ནི་བྲག་གསུམ་མཚོའི་འགྲན་བསྡུར་ལ་ཞུགས་ཏེ།"བོད་དུ་ཡོང་བའི་གོ་སྐབས་ཉུང་ཡང་།ད་རེས་འདི་ཁུལ་གྱི་མཛེས་ལྗོངས་ཡིད་དུ་འོང་བ་དང་། འགྲན་བསྡུར་གྱི་བགྲོད་ལམ་མཚོ་དང་སྦྲེལ་བས་ངོ་མཚར་ཆེ"ཞེས་བཤད་པ་རེད།
བྲག་གསུམ་མཚོའི་རྐང་འཁོར་འགྲན་བསྡུར་བྱེད་ཐེངས་སྐབས་བཞི་པ་ཡིན་པ་དང་།བོད་ཀྱི་རྐང་འཁོར་འགྲན་བསྡུར་གྱི་རྩེར་ཐོན་མཚོན་རྟགས་ཡིན་པས།བོད་ལྗོངས་ཀྱི་རྐང་འཁོར་འགྲན་བསྡུར་ལས་འགུལ་ལ་སྐུལ་མ་ཐེབས་ཡོད་ལ།རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་པའང་གདན་འདྲེན་ཞུས་པའི་དབང་གིས་འགྲན་བསྡུར་གྱི་མིང་གྲགས་ཆེ་རུ་ཕྱིན་ཏེ།འཛམ་གླིང་གི་རྐང་འཁོར་འགྲན་བསྡུར་ལ་དགའ་མཁན་ཚོར་འགྲན་ར་གསར་པ་ཞིག་ཕྱེ་ཡོད་པ་རེད།
བྲག་གསུམ་མཚོ་ནི་ཕྱི་ཁུལ་གྱི་རྐང་འཁོར་འགྲན་ར་ཉམས་དགའ་བ་ཞིག་ཡིན་པས།སྔོན་མའི་ཡུལ་སྐོར་ལམ་བུའི་རྨང་གཞིའི་ཐོག"བྲག་གསུམ་མཚོ་ནས་སྐྱེམས་མཚོ་བར་གྱི་ཉིན་གསུམ་ཡུལ་སྐོར"ལམ་བུ་རྩེ་གྲའང་ཕྱེ་བ་དང་།དུས་མཚུངས་སུ་ཡུལ་སྐོར་བར་བབ་ཆགས་བཟང་པོ་འཇོག་ཆེད།སྐྱེམས་མཚོའི་བྱེ་མ་རླངས་འཁོར་དང་།སྨྱུག་གྲུ་གཏོང་བ་སོགས་ཀྱང་ད་ལོ་ནས་འགོ་བརྩམས་ཡོད་པ་རེད།