གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་ཁོང་གི་མཛད་རྗེས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-10   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

                ཐང་སྟོང་རྒྱལ་པོ་སྟེ་མཚན་དངོས་དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོ་ནི།རབ་བྱུང་དྲུག་པའི་ལྕགས་མོ་གླང﹙1361﹚གི་ལོར་གཙང་སྟོད་ཀྱི་ཆབ་འོག་ངམ་རིང་རྫོང་གི་འོལ་ཀ་ལྷ་རྩེར།ཡབ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས།གྲུབ་ཐོབ་ཀྱི་སྙན་པ་ཕྱོགས་ཀུན་ཏུ་ཁྱབ། ཤངས་པའི་ཆོས་བརྒྱུད་འཛིན།སྐུ་ཚེ་ཧྲིལ་པོར་ཆོས་ཀྱི་མཛད་པ་སྣ་ཚོགས་སྤེལ་བར་མཛད།ཁྱད་པར་དུ་ཁོང་ནི་བོད་མི་རིགས་ཀྱི་བཟོ་སྐྲུན་འཆར་འགོད་པ་ཕུལ་དུ་བྱུང་བ་ཞིག་ཡིན།སྐུ་ཆུང་ངུའི་དུས་དབུལ་ཞིང་ཕོངས་པའི་སྟབས་ཀྱིས།ཡབ་ཡུམ་གཉིས་ཀྱིས་ཁོང་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་བསླབ་པར་གྱུར།དེ་ནས་བྱང་སྡིངས་དགོན་དུ་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང་ཞིང་།མདོ་སྟོད་སྐྱ་རའི་དགོན་པར་བཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།མཚན་བརྩོན་འགྲུས་བཟང་པོ་གསོལ། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང་།དཀོན་མཆོག་དར་རྒྱས་ལས་སྡེ་སྣོད་ཀྱི་རིགས་ལམ་མང་པོ་གསན།

                དེ་ནས་ས་སྐྱ་བཀའ་བཞིའི་གྲྭ་སྐོར་ལ་བྱོན།གྲྭ་སྐོར་བ་གཞན་རྣམས་ཀྱིས་མཁས་རློམ་གྱི་ང་རྒྱལ་ཆེན་པོ་བྱས་ཀྱང་།ཁོང་གིས་སྙན་གྲགས་དོན་གཉེར་མ་མཛད་པས།ཐང་སྟོང་རྒྱལ་པོར་བརྩོན་འགྲུས་སྨྱོན་པ་ཞེས་པའི་མཚན་ཡང་དེ་དུས་བཏགས་པར་གྲགས།དེ་ནས་གངས་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་།ལྷ་གདོང་པ་བསོད་ནམས་མཆོག་དང་། ཀུན་སྤངས་རིན་ཆེན་རྒྱལ་མཚན།རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་འཕུར་བ་སོགས་ལས་གསང་སྔགས་གསར་རྙིང་དང་།མེ་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་གནས་སུ་ལོ་མང་པོ་སྒོམ་སྒྲུབ་ལ་གཞོལ།ཐང་སྟོང་རྒྱལ་པོ་ཞེས་པའི་མཚན་གཙང་རྒྱས་སྡེའི་ཐང་ཁར་གསང་སྤྱོད་ལ་བཞུགས་སྐབས།ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ།འཇིགས་མེད་རྒྱལ་པོ་ལྟ་བུར་བཞུགས། དེའི་ཕྱིར་ཐང་སྟོང་རྒྱལ་པོར་ཐོགས།ཞེས་རིགས་ལྔ་མཁའ་འགྲོས་གསོལ་བར་གྲགས།དེ་ནས་བཟུང་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་མཚན་སྙན་ཕྱོགས་བརྒྱར་གྲགས་སོ།།

                རྒྱ་དཀར་ནག་དང་བོད་དབུས་གཙང་ཁམས་སོགས་ཡུལ་གྲུ་མང་པོར་ཕེབས་ནས་འགྲོ་དོན་མཛད།བོད་ཡུལ་སྟོད་སྨད་དུ་ལྷ་ཁང་བཞེངས་པ་དང་ལྕགས་ཟམ་གྲུ་ཤན་བཅས་མང་དུ་བཙུགས།ལྷ་ལྡན་གྱི་ལྕགས་པོ་རིར་ལྷ་ཁང་བཞེངས་ཤིང་སྨན་རྒྱལ་རི་ཞེས་མཚན་གསོལ།དེ་ནས་སློང་མོ་འཚོལ་བའི་ཐབས་ལ་བརྟེན་ནས་ད་ལྟའི་ལྷོ་ཁ་གྲོང་ཁྱེར་ཁོངས་འཕྱོངས་རྒྱས་རྫོང་ཁུལ་སྦས་སྣ་ཟེར་བའི་ཁྱིམ་ཚང་ཞིག་ལ་བུ་མོ་སྤུན་བདུན་ཡོད་པ་དེ་དག་ལ་བསྐུལ་ཏེ་གཉིས་ཀྱིས་རྔོན་པ།གཉིས་ཀྱིས་རྒྱ་ལུ། གཉིས་ཀྱིས་ལྷ་མོ། གཅིག་གིས་སིལ་དཀྲོལ། ཁོང་གིས་རྔ་རྡུང་གནང་སྟེ།ཟློས་གར་སྤུན་བདུན་ཞོལ་པ་མིང་རྒྱས་པ་ལ་འཕྱོངས་རྒྱས་བཀྲ་ཤིས་ཞོལ་པ་སྦས་སྣ་སྤུན་བདུན་ཞེས་པའི་སློང་མོ་མཛད་ཅིང་།དེ་ནས་བཟུང་བོད་ཀྱི་ཟློས་གར་ལ་ལྷ་མོའི་ཟློས་གར་འཁྲབ་སྲོལ་དར་བ་ངག་རྒྱུན་དུ་གྲགས།བོད་ཀྱི་ཆོས་རྒྱལ་སོགས་ཀྱི་རྣམ་ཐར་ཟློས་གར་གྱི་ལམ་ནས་སྟོན་པ་དེང་སང་ཨ་ཅེ་ལྷ་མོ་ཞེས་གྲགས་པའི་འཁྲབ་གཞུང་བརྩམས།གསོ་བ་རིག་པའི་སྐོར་ལ་ཁོག་ནད་ཀུན་འཇོམས་རིལ་བུ་དཀར་པོ་དང་།གཉན་རིམས་འཇོམས་བྱེད་རིལ་བུ་དམར་པོ་སོགས་མན་ངག་མང་པོ་མཛད།ཁོང་གིས་བོད་མི་རིགས་ལ་ཕན་པ་ཡོད་པའི་བྱ་བ་གྲངས་ལས་འདས་པ་བསྒྲུབས།ལྷག་པར་དུ་ཆུ་ཆེན་རྣམས་ལ་ལྕགས་ཟམ་བཙུགས་སྟབས།བོད་རིགས་མི་དམངས་རྣམས་ཀྱིས་ཐང་སྟོང་རྒྱལ་པོ་ལ་སྙིང་དབུས་ནས་དགའ་གུས་དང་།དད་ཞེན་ཆེན་པོ་བྱེད་ཀྱི་ཡོད།

                ཁོང་གི་འཁྲུངས་ལོ་དང་འདས་ལོ་ལ་བཤད་སྲོལ་སྣ་ཚོགས་ཡོད་དེ།《ཐང་སྟོང་རྒྱལ་པོའི་རྣམ་ཐར》ནང་འཁྲུངས་ལོ་རབ་བྱུང་དྲུག་པའི་ལྕགས་གླང་ལོ﹙1361﹚དང་འདས་ལོ་རབ་བྱུང་བརྒྱད་པའི་ཤིང་སྦྲུལ་ལོ﹙1485﹚ཡིན་ཞེས་དང་།《བོད་རྒྱ་ཚིག་མཛོད་ཆེ་མོའི》ནང་འཁྲུངས་ལོ་རབ་བྱུང་དྲུག་པའི་ཤིང་གླང﹙1385﹚ལོ་དང་འདས་ལོ་རབ་བྱུང་དགུ་པའི་ས་སྦྲུལ་ལོ﹙1509﹚ཡིན་ཞེས་བཀོད་ཡོད་ལ།《སངས་རྒྱས་བསྟན་པའི་ལོ་རྒྱུས་མདོར་བསྡུས》ནང་ཡང་འཁྲུངས་ལོ་རབ་བྱུང་དྲུག་པའི་ཤིང་གླང་ལོ﹙1385﹚དང་འདས་ལོ་1446ལོ་ཡིན་པར་བཀོད་ཡོད།