རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སྐུ་སྲས་བདེ་ལེགས་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དུ་འཚར་ལོངས་བྱུང་ཞིང་། པེ་ཅིན་དེང་རབས་རོལ་དབྱངས་སློབ་གླིང་གི་རོལ་མོའི་ཟློས་གར་འཁྲབ་སྟོན་གྱི་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་པའི་བོད་ཀྱི་ན་གཞོན་རེ་བ་ཅན་ཞིག་ཡིན། ད་ལྟའི་བར་དུ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་བརྩམས་ཆོས། རྒྱལ་ཁབ་ཕྱི་ནང་གི་རོལ་མོའི་ཟློས་གར་བརྩམས་ཆོས་དུ་མར་འཁྲབ་ཞུགས་དང་། གཞན་རྒྱལ་ནང་དང་བོད་ཀྱི་དུས་དར་གྱོན་གོས་སོགས་ཀྱི་མགྲིན་ཚབ་པ་བྱས་ཤིང་། ལྷག་པར་དུ་ལོ་འདི་འགར་ཁོང་གིས་བོད་ཀྱི་དམངས་ཁྲོད་གླུ་གཞས་ལ་བརྩེ་བ་ཟོལ་མེད་བཅངས་ནས་སྲོལ་རྒྱུན་གྱི་དྲི་མ་མ་ཡལ་བའི་བརྩམས་ཆོས་དུ་མ་དཔྱོད་ལྡན་དག་གི་རྣ་བའི་བཅུད་དང་མིག་གི་དགའ་སྟོན་དུ་བཤམས་ཡོད།
ཁོ་བོའི་དངོས་མིང་ལ་འབྲུག་རྒྱལ་ཚེ་རིང་ཟེར་ཞིང་། སློབ་ཆེན་དུ་ཕྱིན་རྗེས་ཉེ་འཁོར་གྱི་རིགས་གཞན་པའི་གྲོགས་པོ་དང་འབྲེལ་འདྲིས་ཡོད་པའི་མི་རྣམས་ཀྱིས་བོད་དང་འབྲེལ་བའི་བརྙན་འཕྲིན་ཟློས་གར་《བོད་ཀྱི་གསང་བ།》ཡི་ཁྲོད་ཀྱི་མི་སྣ་གཙོ་བོ་དང་འདྲ་བའི་ཆ་ཅུང་ཙམ་ལྡན་པས། མཐའ་འཁོར་གྱི་གྲོགས་པོ་དག་གིས་ཁོ་ལའང་སྐུ་སྲས་སྐུ་སྲས་ཞེས་བོས། རིམ་བཞིན་འཁྲབ་སྟོན་གྱི་ལས་ལ་ཞུགས་པ་ནས་བཟུང་རང་ཉིད་ཀྱི་པིར་མིང་ལ་སྐུ་སྲས་བདེ་ལེགས་བཏགས་ཅིང་། ཀུན་གྱི་ཡིད་ངོས་སུ་སྐུ་སྲས་བདེ་ལེགས་སུ་ཆགས་སོང་།
ཁོ་རང་བོད་ཁུལ་རོང་འབྲོག་གི་བྱིས་པ་དཀྱུས་མ་དག་དང་འདྲ་བར་ཆུང་བྱིས་དུས་ནས་སུག་བཞི་ནོར་གྱི་རྗེས་སུ་དེད་ཅིང་། ཨ་ཕྱི་དང་མཉམ་དུ་གནས་པའི་ལོ་ཟླ་ནི་ཁོ་རང་བྱིས་དུས་ཀྱི་ཕྱིར་དྲན་ཡག་ཤོས་སུ་བརྩི་བཞིན་འདུག བོད་ཁུལ་རོང་འབྲོག་ས་ཆ་གང་ལ་མཚོན་ན་དེ་ལ་ཐུན་མོང་མ་ཡིན་པའི་དམངས་སྲོལ་སྒྱུ་རྩལ་ཡོད་ལ། ལྷག་པར་དུ་རོང་མ་འབྲོག་གི་ས་ཆར་བྲོ་གར་གྱི་དམངས་སྲོལ་རྒྱུགས་ཆེ། དེ་ལྟ་བུའི་ཁོར་ཡུག་གིས་ཁོང་ལ་གླུ་དང་བྲོ་གར་གྱི་བག་ཆགས་ཟབ་མོ་བཞག་ཅིང་། བྱིས་དུས་ཉམས་སུ་མྱོང་བའི་གླུ་གར་གྱི་འགྱུར་བག་དེ་དག་ད་ལྟ་ཁོ་བོའི་ལམ་གྱི་བྲོ་དང་སེམས་ཀྱི་རྟེན་དུ་གྲུབ་འདུག་ལ། འཁྲབ་སྟོན་དང་སྒྱུ་རྩལ་གྱི་ལམ་བུའི་ཁྲོད། ནམ་ཡང་འདི་དང་བྲལ་མ་མྱོང་ལ་འབྲལ་ཡང་མི་ཐུབ་ཞེས་ཁོ་བོས་ཡང་ཡང་བཤད།
ད་ལྟ་ཁོ་བོར་མཚོན་ན། བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད་ལ། ལྷག་པར་ནང་ལོགས་ན་རོལ་མོའི་ཟློས་གར་གྱི་ལམ་ཁར་བསྙེག་མཁན་སྔ་ཤོས་སུ་གྱུར་འདུག ཁོས་ནམ་ཡང་ཟློས་གར་དང་འཁྲབ་སྟོན་ཁྲོད། རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་ལུས་ངག་ཡིད་གསུམ་གྱི་སྟངས་སྟབས་ལ་བཅངས་ནས་འཚོ་བ་འདི་ཤར་མར་འབྲི་བཞིན་ཡོད་ཅེས་བརྗོད་ཅིང་། ལོ་ངོ་ནས་ཟླ་ངོ་ཉིན་ངོ་རེ་རེ་ལ་ཕ་ཡུལ་གྱི་མཛེས་པ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་བོར་མ་མྱོང་ཟེར།
ད་ལྟ་ཁོ་བོས་ལོ་རེའི་ནང་དུས་ཚོད་ངེས་ཅན་བེད་སྤྱད་ནས་དམངས་ཁྲོད་དུ་བག་ལ་ཉལ་བའི་གླུ་གར་རིག་གནས་འཚོལ་སྡུད་དང་། ལྷག་པར་ད་ལྟ་ཉམས་དམས་སུ་འགྲོ་བཞིན་པའི་གླུ་གར་རིག་གནས་མྱུར་སྐྱོབ་ཀྱི་ལས་ལ་འཇུག་བཞིན་ཡོད་ལ། ཁོ་བོས་བཤད་ན་འདི་ནི་མི་རིགས་ལ་བཅངས་པའི་སེམས་པ་ཡིན། འདི་ནི་སྒྱུ་རྩལ་ལ་བཅངས་པའི་སེམས་པ་ཡིན། ལྷག་པར་འདི་ནི་ཉམས་ཀྱི་ཕྱུག་པའི་དམངས་ཁྲོད་གླུ་གར་ལ་བཅངས་པའི་བརྩེ་བ་ཡིན་ཞེས་ཡང་ཡང་བཤད། ཉེ་ཆར་ཁོས་བླངས་པའི་གླུ་དབྱངས་ནི་ཁམས་པའི་དགའ་ཚལ་ཁྲོད་དགའ་བསུ་ཐོབ་པ་མང་པའི་གླུ་གཞས་སུ་ཡང་གྱུར་ཡོད།
གྲུབ་འབྲས་ཞར་བཀོད།
2003ལོར་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་གླུ་གཞས་འགྲན་ཚོགས་ཆེན་མོར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ཅིང་མགྲིན་ཚབ་པ་བྱས། 2008ལོར་པེ་ཅིན་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་འཁྲབ་སྟོན་བྱས། 2011ལོར་དུས་གསུམ་འཛམ་གླིང་རོལ་ཚོགས་ཀྱི་གཙོ་ལེན་པ་བྱས། 2013ལོར་རྒྱལ་ཁབ་རིག་གནས་པུའུ་དང་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་རོལ་མོ་སྲུང་སྐྱོབ་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་དམངས་ཁྲོད་རོལ་མོའི་ཡུལ་དངོས་རྒྱུ་ཆ་འཚོལ་སྡུད་ཀྱི་འགྲུལ་བཞུད་འགོ་བརྩམས། 2015ལོར་དམངས་ཁྲོད་རོལ་མོའི་མུ་འབྲེལ་འོད་སྡེར་གནམ་བདེ་ས་བདེ་ཞེས་པ་པར་འགྲེམས་བྱས་པ་རེད།