རང་རྒྱལ་གྱིས་མཚོ་བོད་མཐོ་སྒང་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཡང་བསྐྱར་འགོ་འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-13   རྩོམ་ཁུངས།    མི་དམངས་དྲ་བ།

        གསར་འགོད་པས་ཀྲུང་གོའི་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་གསལ།ལོ་ངོ་40ལྷག་འགོར་རྗེས།རང་རྒྱལ་གྱིས་མཚོ་བོད་མཐོ་སྒང་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ཟླ་བ་6པའི་ཟླ་དཀྱིལ་དུ་འགོ་འཇུགས་རྒྱུ་ཡིན་པ་དང་།ཐེངས་འདིའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཡུན་ནི་ལོ་5ནས་10བར་ཡིན་ཞིང་།དམིགས་ཡུལ་ནི་ལོ་ངོ་བཅུ་ཕྲག་དུ་མའི་རིང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ལ་འགྱུར་ལྡོག་བྱུང་ཚུལ་ཁོང་དུ་ཆུད་པར་བྱ་རྒྱུ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན།དུས་སྐབས་དང་པོར་འབྲི་ཆུ་དང་བོད་ལྗོངས་ཀྱི་མཚོ་ཆེ་ཤོས་གསེར་གླིང་མཚོའི་འབྱུང་ཁུངས་ས་ཁུལ་གྱི་ལྟེ་བ་ཀར་གི་གངས་རི་དར་མདུང་ས་ཁོངས་ཀྱི་འཁྱག་རོམ་དང་འབྲེལ་ཡོད་སྐྱེ་ཁམས་ཀྱི་ཁོར་ཡུག་འགྱུར་བ་བྱུང་ཚུལ་ལ་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་བྱ་རྒྱུ་རེད།འདི་ནི་མཚོ་བོད་མཐོ་སྒང་དུ་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱས་པ་དང་མི་འདྲ་བར།ཐེངས་འདིའི་ཚན་རིག་རྟོག་ཞིབ་ལ་མི་མེད་གནམ་གྲུ་དང་།མི་མེད་གྲུ་གཟིངས།སྲུང་སྐར་སོགས་ལག་རྩལ་གསར་པ་དང་ཐབས་ཤེས་གསར་པ་བེད་སྤྱོད་བྱས་ཏེ་མཚོ་བོད་མཐོ་སྒང་ཡོངས་སུ་ཁེབས་པ་བྱ་རྒྱུ་ཡིན་པས།རྟོག་ཞིབ་བྱས་པའི་གཞི་གྲངས་སྔར་ལས་ཕྱོགས་ཀུན་འདུས་པ་དང་གནད་དུ་འཁེལ་བར་བྱ་རྒྱུ་རེད།

        དུས་རབས་གོང་མའི་ལོ་རབས་70པར།རང་རྒྱལ་གྱི་ཚན་རིག་པ་ཚོས་མཚོ་བོད་མཐོ་སྒང་དུ་གཞི་རྒྱ་ཆེ་བའི་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱས་པ་དང་།རྟོག་ཞིབ་ཀྱི་རྣམ་གྲངས་སུ་ས་གཤིས་དང་།སའི་གོ་ལའི་དངོས་ལུགས། གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས། སྲོག་ཆགས་དང་རྩི་ཤིང་།ཞིང་ལས་སོགས་རིག་གཞུང་ཚན་ཁག་50ལྷག་འདུས་ཡོད་པ་རེད།ཚན་རིག་རྟོག་ཞིབ་བྱས་པ་བརྒྱུད་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འབོར་ཆེན་ཐོབ་པས།མཚོ་བོད་མཐོ་སྒང་གི་ས་ཁུལ་ཁ་ཤས་དང་རིག་གཞུང་ཚན་ཁག་ཞིབ་འཇུག་གི་སྟོང་ཆ་ཁ་སྐོང་བྱས་པ་རེད།