རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-14   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་གནང་ནས་རྣམ་གྲངས་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཞིབ་ཕྲའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་ཧུར་ཐག་བྱེད་པ་དང་དུས་ཚོད་ཀྱི་མཚམས་ཚིགས་ལ་ནན་པོ་གཞིགས་ཏེ་འཛུགས་སྐྲུན་མྱུར་ཚད་ནུས་ཤུགས་ཡོད་རྒུས་མགྱོགས་སུ་བཏང་ཐོག་སྡོད་གནས་དང་།ལས་ཞུགས།ཡུལ་སྐོར་བཅས་ལ་འཚམ་པའི་སྤུས་རྟགས་དང་སྤུས་ལེགས་ཀྱི་དམངས་འཚོའི་ལས་གྲྭ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
དུས་ཡུན་ཟླ་བ་གཉིས་སོང་རྗེས་ཆེ་དགྲ་ལྷ་སླར་ཡང་ཡངས་པ་ཅན་གྲོང་རྡལ་གནད་སྨིན་དབུལ་སྐྱོར་གྱི་ཡུལ་གཞན་དུ་གནས་སྤོ་ལས་གྲྭའི་རྣམ་གྲངས་ཨར་རྒྱག་བྱ་ཡུལ་དུ་ཕེབས་པ་དང་ཁང་གསར་སྟར་པ་རེ་རེ་བཞིན་འགྱིང་ངེར་ལངས་པ་དང་གནས་སྤོས་ཁང་གསར་གྱི་སྒྲོམ་གཞི་རགས་ཙམ་ཆགས་པ་གཟིགས་རྗེས་ཆེ་དགྲ་ལྷས་ལས་གྲྭའི་མྱུར་ཚད་ལ་ཁས་ལེན་གནང་བ་རེད།ཁོང་ལེགས་གྲུབ་ཟིན་གྲབས་ཡོད་པའི་ཁང་གསར་ནང་ཕེབས་ནས་སྒོ་ར་ཇུས་འགོད་དང་ཁང་པའི་གྲུབ་ཆར་ཞིབ་ཕྲ་གཟིགས་པ་དང་གྲུམ་བུའི་ནད་སོགས་ཡུལ་ནད་ཕོག་པའི་དབང་གིས་དབུལ་པོར་གྱུར་པའི་ད་ལྟའི་གནས་བབ་དང་དེ་བཞིན་འགོག་བཅོས་གནས་ཚུལ་རྩད་འདྲི་ཞིབ་ཕྲ་གནང་བ་རེད།ཆེ་དགྲ་ལྷས་ཁྱོན་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་མི་སེར་གྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་གཏོང་བར་དང་ཐོག་མི་འབོར་དབུལ་པོའི་བདེ་ཐང་གནད་དོན་ཐག་གཅོད་བྱེད་དགོས་པ་དང་ཁང་གསར་ནང་སྡོད་པའི་ཚད་གཞི་ནན་པོ་བཟོས་ཏེ་ཡུལ་ནད་ཕོག་པའི་གནས་སྤོས་དུད་ཚང་ལ་ཁྱིམ་ནང་བདེ་ཐང་སླར་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་ཏན་ཏིག་བྱེད་དགོས།འབྲེལ་ཡོད་སྡེ་ཚན་ཁག་གིས་ལྗོངས་ཡོངས་ཀྱི་ནད་ཕོག་པའི་དབང་གིས་དབུལ་པོར་གྱུར་བ་དང་ནད་ཕོག་པའི་དབང་གིས་སླར་ཡང་དབུལ་པོར་གྱུར་བའི་ཁྱིམ་ཚང་གི་ནད་པའི་གནས་ཚུལ་སྔར་བས་ཞིབ་དཔྱད་ནན་པོ་བྱེད་པ་དང་འབྲེལ་སྤྱོད་གོ་ཆོད་པའི་སྨན་བཅོས་ཇུས་གཞི་རབ་དང་རིམ་པ་བཟོས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཆེད་གནད་སྨིན་གྱི་གྲངས་གཞི་དང་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་ཆེ་དགྲ་ལྷས་ས་བབ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བྱ་ཡུལ་གྱི་ས་ཆར་ས་གནས་ས་ཐོག་ཏུ་ཆེད་མངགས་གཟིགས་ཞིབ་གནང་བ་དང་ས་ཆའི་དབྱིབས་དང་ས་ངོས་ཆགས་ཚུལ་དང་ཆུ་དཔྱད་དང་ས་གཤིས་དང་དེ་བཞིན་མཐའ་འཁོར་གྱི་ཁོར་ཡུག་མཁྱེན་རྟོགས་ཞིབ་ཚགས་གནང་བ་རེད།ཆེ་དགྲ་ལྷས་ཏང་ཀྲུང་དབྱང་གིས་ས་བབ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་ཚོད་ལྟའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཀྲུང་དབྱང་གི་པུའུ་ཨུད་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་ཁར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད།རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་བྱས་ཏེ་སྒྲིལ་ཤུགས་ཆགས་པ་བྱེད་པ་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་པ་དང་།འཆར་འགོད་དང་ཇུས་འགོད་འཐུས་སྒོ་ཚང་དུ་གཏོང་བ།མ་གནས་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ནས་དུས་འགོའི་གྲབས་འཛུགས་ལས་དོན་ཁག་ཡག་པོ་སྤེལ་དགོས་པ་དང་།གནས་སྤོས་དུད་ཚང་གི་འདུན་པ་དང་འཚོ་བའི་གོམས་གཤིས་ལ་བརྩི་འཇོག་གང་ལེགས་བྱས་ཏེ་གནས་སྤོ་བྱ་ཡུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ་དང་ཐོན་ལས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་ཞིབ་འཇུག་བྱས་ནས་ལས་འགོ་གང་མགྱོགས་འཛུགས་ཐུབ་པའི་བརྩོན་ལེན་བྱས་ཏེ་གནས་སྤོས་དུད་ཚང་སྔ་ཙམ་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁང་པར་སྡོད་རྒྱུ་ཡོང་བ་བྱས་ཐོག་ཏང་གི་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ་གྱི་ཁོད་སྙོམས་པའི་འགྲོ་ལམ་གཞོགས་གཉིས་སུ་སྤང་ལྗོངས་སྔོ་ཐིང་ངེར་གནས་པ་དང་བོད་བཟོའི་ཉམས་འགྱུར་ལྡན་པའི་མང་ཚོགས་སྡོད་ཁང་རིམ་པ་སྟར་ཆགས་སུ་བསྐྲུན་ཡོད།མིག་སྔར་གྲོང་མི་ཚོས་རང་ཁྱིམ་གྱི་ཁང་པར་སྒྱུར་བཀོད་བྱེད་པ་དང་དམངས་ཁང་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བཞིན་ཡོད།ཆེ་དགྲ་ལྷས་གྲོང་མིའི་ཁྱིམ་དུ་ཕེབས་ནས་སྒྱུར་བཅོས་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཁོང་གིས་ཕུགས་ཀྱི་འཕེལ་རྒྱས་དང་སྤྱི་ཡོངས་མིག་མངས་འགྲིག་སྐོར་གཅིག་གི་ལས་ཀའི་བསམ་ཕྱོགས་བཏོད་དེ་ཞང་ཞུང་མེ་ཏོག་སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་གི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གང་ལེགས་སྤྱད་ནས་ཚད་གཞི་དང་།ཞིབ་ཕྲའི་ལྷུ་ཚིགས།སྤུས་ཚད་བཅས་ཐད་འབད་བརྩོན་དེ་བས་ཆེ་བ་བྱས་ནས་ཁོར་ཡུག་མཛེས་བཟོ་ཞིབ་ཚགས་དང་།ཞིང་ནང་གི་ཡུལ་ལྗོངས་མངོན་པར་བྱེད་པ།གྲོང་གསེབ་ཀྱི་རྣམ་པ་མངོན་གསལ་དོད་པ།“མེ་ཏོག་ཁྲོད་ཀྱི་གྲོང་ཚོ་དང་གྲོང་ཚོའི་ཁྲོད་ཀྱི་མེ་ཏོག”གི་མཛེས་ལྗོངས་ལ་བརྟེན་ནས་མང་ཚོགས་ལ་མཛེས་སྡུག་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་སྐྲུན་དགོས་ཞེས་བསྟན་གནང་བ་རེད།
ཆེ་དགྲ་ལྷ་དང་བཅས་པས་ད་དུང་ཡངས་པ་ཅན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ཞང་ཞུང་མེ་ཏོག་སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།