བྱིས་པ་དང་རྩེད་མོ་རྩེས་དུས་བརྙན་འཕྲིན་གྱི་ཁ་ཕྱེས་ན་གནོད་པ་མང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-26   རྩོམ་ཁུངས།   

      བྱིས་པ་ལ་རྩེད་ཁ་སློང་དུས། ཁྱོད་ཀྱིས་ཉེ་འགྲམ་གྱི་བརྙན་འཕྲིན་ཁ་ཕྱེས་ཡོད་མེད་ལ་མཉམ་འཇོག་བྱས་ཨེ་མྱོང་།   ཨ་རིའི་བྱིས་པ་དང་སྨྱན་སྦྱོར་གྱི་དུས་དེབ་ཞེས་པ་ཐོག་བཀོད་པའི་ཞིབ་འཇུག་གསར་པ་ཞིག་གི་ནང་དུ་ཕ་མ་དང་བུ་ཕྲུག་རྩེད་མོ་རྩེས་དུས་འགྲམ་གྱི་ཁ་ཕྱེས་ཡོད་པའི་བརྙན་འཕྲིན་དེ་རྒྱབ་ལྗོངས་བྱས་ན་བྱིས་པའི་སྐད་ཆའི་ནུས་རྩལ་མཐོར་འདེགས་དང་འཕེལ་རྒྱས་ཡོང་བར་འགོག་རྐྱེན་ཐེབས་ཀྱི་ཡོད་པ་རྟོགས་འདུག  
      ཞིབ་འཇུག་པས་ཁྱིམ་ཚང49ཡི ཕ་མ་དང་བྱིས་པ་ལོ་1ནས་ལོ་3ཅན་གྱིས་དུས་ཚོད་གཅིག་རིང་རྩེད་མོ་རྩེས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས།  རྩེད་མོ་རྩེས་པའི་གོ་རིམ་ཁྲོད།    དུས་ཚོད་ཕྱེད་ཀའི་རིང་བརྙན་འཕྲིན་གྱི་ཁ་གཟུམ་པ་དང་།   དུས་ཚོད་ཕྱེད་ཀའི་རིང་བརྙན་འཕྲིན་གྱི་ཁ་ཕྱེས་ནས་བརྙན་འཕྲིན་ནང་དུ་བྱིས་པ་དང་ཕ་མ་མཉམ་རྩེད་བྱེད་པའི་ལེ་ཚན་ཤར་དུ་བཅུག་པ་ན།     དེའི་མཇུག་འབྲས་ལས་ཤེས་པ་ནི།     བརྙན་འཕྲིན་གྱི་ཁ་ཕྱེས་ཡོད་དུས་ཕ་མ་དང་བྱིས་པ་མཉམ་རྩེད་བྱེད་པའི་གོ་རིམ་ཁྲོད་མང་ཚིག་བེད་སྤྱོད་བྱས་པ་ཅུང་ཉུང་།    བྱིས་པས་བརྙན་འཕྲིན་ལ་བལྟས་མེད་པའི་དབང་དུ་བཏང་ཡང་ཕ་མས་ཀྱང་རྩེད་མོ་རྩེས་པའི་བར་གསེང་ནས་མཉམ་འཇོག་ས་དེ་བརྙན་འཕྲིན་གྱི་ལེ་ཚན་ནང་ལ་ཤོར་གྱི་ཡོད།    ཕ་མ་ཕྱོགས་གཉིས་ནས་བྱིས་པ་ལ་བསླབ་པའི་མང་ཚིག་ཅི་ལྟར་ཉུང་ན།  བྱིས་པའི་སྐད་ཆའི་ཕྱོགས་ལ་དེ་ལྟར་རྗེས་ལུས་ཐེབས་ཀྱི་ཡོད།      དེའི་རྐྱེན་གྱིས་རྒྱབ་ལྗོངས་ཀྱི་བརྙན་འཕྲིན་དེས་ཕ་མ་དང་བྱིས་པ་རྩེད་མོ་རྩེས་པའི་སྤུས་ཚད་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅིང་།    ལྷག་པར་དུ་བྱིས་པ་ཆུང་ཆུང་གི་སྐད་བརྡའི་སྦྱོང་བརྡར་ལ་ཤུགས་རྐྱེན་མངོན་གསལ་ཐེབས་ཀྱི་ཡོད་པ་ཤེས་ཡོད།
      རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཁྱིམ་ཚང་གང་མང་ཞིག་ལ་བལྟས་རུང་མ་ལྟོས་རུང་བརྙན་འཕྲིན་གྱི་ཁ་ཕྱེས་ནས་འཇོག་པའི་གོམས་སྲོལ་ཡོད་ལ།   བརྙན་འཕྲིན་དེ་རྒྱབ་ལྗོངས་བྱས་ནས་བཞག་པས་ཤེས་མེད་ཚོར་མེད་ཀྱི་ངང་ནས་ཕ་མ་དང་བུ་ཕྲུག་བར་གྱི་བརྩེ་བ་དང་བྱིས་པའི་སྐད་ཆ་སྦྱོང་བརྡར།   མང་ཚིག་བཀོལ་སྤྱོད་བྱས་པའི་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱི་ཡོད།   ཞིབ་འཇུག་པས་བཤད་ན་རབ་ཡིན་ན་ལོ2མན་གྱི་བྱིས་པ་བརྙན་འཕྲིན་དང་གློག་ཀླད།   ལག་ཁྱེར་ཁ་པར་ལ་མ་ལྟོས་ན་བཟང་ཞེས་དྲན་སྐུལ་གནང་ཡོད་པས་ཁྱིམ་བདག་རྣམ་པ་ཚོས་རང་དང་བྱིས་པའི་བདེ་ཐང་གི་ཆེད་དུ་སྤྱིར་བཏང་མཉམ་མི་འཇོག་པའི་གནས་ཚུལ་འདི་ལ་དོ་སྣང་བྱ་འོས་པ་དང་གོམས་གཤིས་མི་ལེགས་པ་ཡོད་ན་བཅོས་སྒྱུར་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བ་ཞིག་རེད།