རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཨེ་ཙིའི་ནད་ཀྱིས་དེང་གི་འཛམ་གླིང་གི་མིའི་རིགས་ཀྱི་བདེ་ཐང་ལ་འཇིགས་སྣང་ཆེན་པོ་བསྐུལ་ཞིང་། ཨེ་ཙིའི་ནད་གདོན་དེ་གངས་རིའི་ལྗོངས་ཀྱི་ཡུལ་མང་པོར་བྱུང་བས། ཁྱེད་ཀྱིས་ཨེ་ཙིའི་ནད་ཅེས་པ་ཅི་ཞིག་ཡིན་པ་དང་། ཨེ་ཙིའི་ནད་ཇི་ལྟར་སྔོན་འགོག་བྱ་དགོས་པའི་ཚུལ་རྟོགས་དགོས།
1.ཅི་ཞིག་ལ་ཨེ་ཙིའི་ནད་ཟེར།
ཨེ་ཙིའི་ནད་ནི་འགོས་ནད་ཅིག་ཡིན་ཞིང་། ཨེ་ཙིའི་ནད་དུག་ཕོག་རྗེས་ལོ་དུ་མའི་ནང་མིའི་ལུས་ཁོག་ཏུ་མང་དུ་སྐྱེས་ནས་མིའི་ལུས་ཕུང་ལ་གནོད་པ་བཟོ་བ་དང་། ལུས་ཕུང་གིས་ནད་ཐུབ་པའི་ནུས་པ་ཉམས་སུ་བཅུག་མཐར། ནད་འགོག་པའི་ནུས་པ་ཉམས་ནས་ནད་གཞན་བྱུང་སྟེ་འཆི་ངེས། རྒྱལ་སྤྱིའི་གསོ་རིག་ཁྱབ་ཁོངས་སུ་མིག་སྔའི་བར་ཨེ་ཙིའི་ནད་འགོག་པའི་སྨན་རྫས་དང་བཅོས་ཐབས་མི་འདུག་པས། ཨེ་ཙིའི་ནད་ལ་འབྲས་སྐྲན་དྲག་པོ་དང་། དུས་རབས་ཀྱི་སྲོག་འཇོམས། དུས་རབས་ཉེར་གཅིག་པའི་ནད་ཡམས་ཞེས་འབོད།
2. ཨེ་ཙིའི་ནད་ནི་ཇི་ལྟར་མཆེད་པ་ཡིན།
ཨེ་ཙིའི་ནད་ནི་གཙོ་བོ་འཁྲིག་སྤྱོད་བརྒྱུད་ནས་འགོས་པ་ཞིག་ཡིན་ཞིང་། དེ་ལས་གཞན་དུ་ནག་འཐེན་པའམ་ཡང་ན་གཙང་མ་མ་ཡིན་པའི་ཁྲག་རྒྱག་པ། ཨེ་ཙིའི་ནད་བྱུང་བའི་ཨ་མ་བརྒྱུད་ནས་བུ་ཕྲུག་ལ་འགོ་བ་སོགས་ཡོད། གོང་གི་བརྒྱུད་ལམ་དེ་གསུམ་པོ་རྒྱུན་མཐོང་གི་འགོ་ལམ་གསུམ་ཡིན། དེ་ལས་གཞན་པའི་འགོ་ཐབས་ཀྱང་ཡོད་པ་སྟེ། མི་སྒེར་གྱི་འཕྲོད་བསྟེན་ཁང་དུ་སོ་འབལ་བ་དང་། སོ་བཅའ་བ། སྨན་ཁབ་རྒྱག་པ། མེ་བཙའ་འཇོག་པ། ཞལ་རས་མཛེས་སྤྲས། གཤག་བཅོས། ཨེ་ཙིའི་ནད་ཅན་གྱིས་ཁྱིམ་མི་དང་མཉམ་དུ་སོ་འབྲད་དང་ཁ་སྤུ་བཞར་གྲི་བསྲེས་ནས་བཀོལ་སྤྱོད་བྱེད་པ་སོགས་ཀྱིས་ཕན་ཚུན་ལ་ཨེ་ཙིའི་ནད་འགོ་ངེས།
3.ཨེ་ཙིའི་ནད་ནི་འཇིགས་སུ་རུང་བ་ཞིག་ཡིན།
ཨེ་ཙིའི་ནད་འགོས་པའི་མི་གཅིག་གིས་ཨེ་ཙིའི་ནད་དུག་དེ་འཁྲིག་སྤྱོད་བརྒྱུད་ནས་ཁོང་གི་ཆུང་མ་ལ་འགོ་རུ་འཇུག་ངེས་པ་དང་། དེར་མ་ཟད་མི་གཞན་དང་འཁྲིག་པར་བརྒྱུད་ནས་ཨེ་ཙིའི་ནད་དེ་མི་གཞན་པར་འགོ་རུ་འཇུག་ངེས་ལ། ཕ་རོལ་པོ་དེས་རང་གི་ཡུལ་མིའམ་མི་གཞན་པར་ཨེ་ཙིའི་ནད་དུག་ཕོག་ཏུ་འཇུག་ངེས། དེའི་རྐྱེན་གྱིས་ཨེ་ཙིའི་ནད་དེ་འགོ་ཧ་ཅང་མགྱོགས་ཤིང་འཇིགས་སུ་རུང་བ་ཞིག་ཡིན། བཟའ་ཟླ་གཉིས་ཀྱི་ཁྲོད་ཕྱོགས་གཅིག་ལ་ཨེ་ཙིའི་ནད་འགོས་ཡོད་ན་ཕྱོགས་གཞན་པ་དེ་ལའང་འགོ་ངེས་པས། ང་ཚོས་མི་རང་ཉིད་དང་ཐ་ན་ཁྱིམ་ཚང་གིས་ཨེ་ཙིའི་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་པ་དང་། ཁྱིམ་ཚང་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ། མི་གཞན་ལ་ཨེ་ཙིའི་ནད་དང་ཇི་ལྟར་རྒྱང་ཆོད་དུ་འཇུག་དགོས་པ་བཅས་ཤེས་དགོས།
དེ་ལས་འཇིགས་སུ་རུང་བ་ནི་མི་རྣམས་ཀྱིས་ཨེ་ཙིའི་ནད་སྔོན་འགོག་གི་སྨན་རྫས་ཤིག་ད་དུང་བསྐྲུན་ཐུབ་མེད་ཅིང་། ཨེ་ཙིའི་ནད་བཅོས་ཐུབ་པའི་སྨན་རྫས་ཀྱང་མེད་པས། གལ་ཏེ་ཁྱེད་ལ་ཨེ་ཙིའི་ནད་འགོས་ན་མཇུག་མཐར་ཁྱེད་ཀྱི་ཚེ་སྲོག་ཤོར་ངེས་ཡིན།
4.ཇི་ལྟར་བྱས་ན་ང་ཚོས་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐུབ།
ཨེ་ཙིའི་ནད་སྔོན་འགོག་བྱེད་ན་གཤམ་གསལ་གྱི་དོན་ཚན་དག་ཤེས་དགོས་ཏེ། (1)རང་ལུས་གཙང་མ་བྱས་ནས་འཁྲིག་པའི་ཀུན་སྤྱོད་བརྩི་དགོས། (2)བཟའ་ཟླ་གཉིས་ཀས་ཕན་ཚུན་ལ་བློ་གཏད་ནས་མི་མང་པོ་དང་འཁྲིག་པ་མི་སྤྱོད་པ། (3)བཟའ་ཟླ་གཉིས་ལས་ཕྱོགས་གཅིག་ལ་ཨེ་ཙིའི་ནད་འགོས་ཚེ་སྲུང་ཤུབས་ཡང་དག་པར་སྤྱོད་དགོས། (4)མི་སྒེར་གྱི་སྒོ་བསྟེན་ཁང་དུ་སོ་འབལ་བ་དང་སོ་བཅའ་བ། སྨན་ཁབ་རྒྱག་པ། མེ་བཙའ་འཇོག་པ། ཞལ་རས་མཛེས་སྤྲས། གཤག་བཅོས་སོགས་གཏན་ནས་མི་བྱེད་པ། (5)ཁྱིམ་གཅིག་ཡིན་ཡང་སོ་སོའི་སོ་འབྲད་གཏན་ཆགས་ཡིན་དགོས་ཤིང་། སྐྱེས་པ་ཕན་ཚུན་བར་བཞར་གྲི་བསྲེས་ནས་སྤྱོད་མི་རུང་། (6)ཁྲག་རྒྱག་དུས་ཚད་ལྡན་གྱི་སྨན་ཁང་དུ་འགྲོ་དགོས། (7)མཚན་མའི་ནད་བྱུང་ཚེ་དུས་ཐོག་ཏུ་འགྲིག་ལམ་ལྟར་སྨན་བཅོས་བྱས་ན་ཨེ་ཙིའི་ནད་འགོ་བའི་ཉེན་ཁ་རང་བཞིན་ཇེ་ཆུང་ཡིན།(ཆེད་མཁས་ཀྱིས་ཤེས་གསལ་ལྟར་ན་མཚན་མའི་ནད་མང་བའི་ས་ཁུལ་དུ་ཨེ་ཙིའི་ནད་འགོ་མཁན་མང་པོ་འདུག) (8)སྦྲུམ་མར་ཨེ་ཙིའི་ནད་འགོས་ཡོད་པར་དོགས་པའམ་ཡང་ན་ཨེ་ཙིའི་ནད་འགོས་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་ཡུལ་དེའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་སུ་སོང་ནས་འདྲི་དགོས་ཤིང་། སྨན་བཅོས་མི་སྣའི་མཛུབ་སྟོན་དང་སྨན་བཅོས་དང་ལེན་བྱེད་དགོས།
5.ཨེ་ཙིའི་ནད་འགོས་ན་ཇི་ལྟར་བྱེད་དགོས།
ཨེ་ཙིའི་ནད་ནི་འཇིགས་སུ་རུང་བ་ཞིག་ཡིན་མོད། ཨེ་ཙིའི་ནད་འགོས་པའི་མི་རྣམས་ཀྱིས་ཡང་དག་པའི་བསམ་བློའི་འཁྱེར་སོ་དང་ཡིད་ཆེས་བཟུང་ནས། འཛམ་གླིང་སྟེང་ཨེ་ཙིའི་ནད་སྨན་བཅོས་བྱེད་ཐུབ་པའི་སྨན་རྫས་གསར་བསྐྲུན་བྱེད་ཐུབ་པར་ཡིད་ཆེས་བྱེད་དགོས། དགེ་བའི་བསམ་པ་བཟུང་ནས་མ་འོངས་པར་གདོང་གཏུག་ནས། རང་ཉིད་ཀྱི་ནད་དེ་མི་གཞན་པར་འགོ་རུ་མི་འཇུག་པར་བྱེད་དགོས།
ཨེ་ཙིའི་ནད་འགོས་རྗེས་སྲིད་གཞུང་གིས་རིན་མི་ལེན་པར་ནད་དུག་འགོག་པའི་སྨན་རྫས་སྟེར་བའི་ཁག་ཐེག་བྱེད་ཅིང་། རིམ་པ་སོ་སོའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་སྦ་གསང་བྱེད་ངེས་པར་མ་ཟད། རིན་མི་ལེན་པར་ཚད་ལེན་དང་། འདྲི་རྨེད། སྨན་བཅོས་ཀྱི་ཞབས་ཞུ་སོགས་འདོན་སྤྲོད་བྱེད་ངེས།
6.གནས་ཚུལ་གང་དག་གི་འོག་ཨེ་ཙིའི་ནད་འགོ་མི་ཐུབ།
ཨེ་ཙིའི་ནད་དེ་མཁའ་དབུགས་དང་། བཟང་བཏུང་། སྤྱི་བའི་ས་གནས་ཀྱི་སྤྱིར་བཏང་རང་བཞིན་གྱི་འབྲེལ་ཐུག(དཔེར་ན་ལག་པ་འཇུ་བ། སྤྱི་བའི་ས་གནས་ཀྱི་རྐུབ་སྟེགས། ཆབ་ཟོམ། ཁྲུས་གཞོང་།) ཤོག་སྒོར། དངུལ་སྒོར། འཛིན་བྱང་། འབུ་ཡིས་སོ་བཏབ་པ། ཆུ་རྐྱལ་རྫིང་བུ་སོགས་བརྒྱུད་ནས་འགོ་མི་ཐུབ། འཛམ་བུ་གླིང་དུ་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་མི་བྱེད་པའི་མི་གཅིག་ཀྱང་མེད་ལ། རང་གཞན་གཉིས་སུ་ཕན་པའི་ཆེད་དུ་ང་ཚོ་ཚང་མས་མཉམ་དུ་ཧུར་བརྩོན་བྱེད་དགོས་པས། ཁྱེད་ནས་འགོ་བརྩམ་དགོས་པ་དང་། ང་ཚོ་ནས་འགོ་བརྩམ་སྟེ་ཨེ་ཙིའི་ནད་གདོན་མཉམ་དུ་གཏན་འགོག་བྱ་དགོས།