རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2017-07-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
དེ་ཡང་གངས་ཅན་ཁ་བའི་ལྗོངས་ཀྱི་གནས་མཆོག གཙང་གསུམ་མཉམ་དུ་བཞུར་སའི་ཡུལ་ངོ་མཚར་ཅན། སྲིད་པ་ཆགས་པའི་གངས་རི་མཐོན་པོ་རོང་བཙན་ཁ་བ་དཀར་པོ་འགྱིང་ས།དེང་སང་ཡུལ་སྐོར་ལྗོངས་རྒྱུ་བ་ཀུན་གྱིས་སྨོན་ཡུལ་དང་བསྔགས་བརྗོད་བྱེད་ཡུལ་དུ་གྱུར་བའི་ཁམས་རྒྱལ་ཐང་འོ་མའི་མཚོ་ཁ་ཞེས་འབོད་པ་སེམས་ཀྱི་ཉི་ཟླའི་ཕང་བ་ན་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་མཚར་སྡུག་གི་མཛེས་ལྗོངས་མང་པོ་ཡོད། སེམས་ཀྱི་ཉི་ཟླའི་གྲོང་མཁར་ནས་ཤར་ཕྱོགས་སུ་བསྐྱོད་པའི་ལེ་དབར་བཅུའི་མཚམས་ན་སེམས་ཀྱི་ཉི་ཟླའི་ཡུལ་དུ་གྲགས་ཆེ་བའི་རྡོ་ཟམ་ཚ་ཁ་ཞེས་པ་འགྱིངས་ངེར་ཆགས་ཡོད་ཅིང་། རྡོ་ཟམ་ཚ་ཁ་ནི་རྡོ་རང་བྱུང་གི་ཟམ་པའི་དབྱིབས་ལྟར་ཆགས་ཡོད་པའི་ཆ་ནས་དེ་ལྟར་མིང་ཐོགས་པ་ཡིན།
ཕྱོགས་བཞི་ནགས་ཀྱིས་བསྐོར་བའི་ཁུག་གཞོངས་ན་རང་བྱུང་ལྷུན་གྱིས་གྲུབ་པའི་རྡོ་ཟམ་དེ་འཕྲེད་དུ་ཆགས་ཡོད་པ་དང་ལྷུང་ལྷུང་ངར་སྐད་སྒྲོག་པའི་ཞོ་རྡོ་སྒང་ཆུས་རྡོ་ཟམ་གྱི་ཞབས་ངོས་བརྒྱུད་དེ་ལེ་དབར་བརྒྱ་ཕྲག་བཞུར་བའི་མཚམས་ནས་འབྲི་ཆུ་དང་འདྲེས་ཡོད། རྡོ་ཟམ་ཚ་ཁ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཞེངས་པའི་རྡོ་ཟམ་ཡང་ཟེར་སྲོལ་ཡོད་ལ། ཡུལ་མིའི་ངག་རྒྱུན་དུ་རྒྱ་གར་ནས་འབྲི་ཆུའི་ཕྱོགས་སུ་འཕུར་བའི་འབྲུག་ཆེན་ཞིག་ད་ལྟའི་ཞོ་རྡོ་སྒང་ཆུའི་ལམ་བར་འདི་བརྒྱུད་དུས་ཏག་ཏག་ཞོགས་པའི་བྱ་སྐད་གྲགས་པའི་དུས་དང་འཁེལ་བ་ན། གཡུ་འབྲུག་འདི་ཞོ་རྡོ་སྒང་ཆུའི་སྟེང་ལ་གཏན་ཏུ་འཕྲེད་ཉལ་བྱས་ཤིང་ཆུ་བོ་བཀག་ནས་གོང་གི་གྲོང་སྡེ་མང་བོ་བསྣུབས་པ་རེད། སྐབས་དེར་གནས་འདིར་རྩེ་གཅིག་སྒོམ་སྒྲུབ་གཞོལ་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཉིན་ཉེར་གཅིག་རིང་གི་སྒོམ་སྒྲུབ་ཚར་རྗེས་བྲག་ཕུག་གི་ཕྱི་ལ་ཞབས་ཀྱིས་བཅགས་ཤིང་། འབྲུག་ཆེན་ཞིག་ཞོ་རྡོ་སྒང་ཆུའི་སྟེང་དུ་འཕྲེད་ཉལ་བྱས་ནས་གོང་གི་གྲོང་སྡེ་བརྒྱད་ཀྱི་ཞིང་འབྲོག་ས་དང་། སྡོད་ཁང་ཚང་མ་ཆུས་བསྣུབས་ཏེ་སྐྱེ་དངོས་དང་སེམས་ཅན་མང་བོར་གནོད་འཚེ་ཐེབས་ཡོད་པ་མཐོང་། །ཆུ་ལོག་གིས་འབྲུག་ཆེན་གྱི་སྒལ་དཀྱིལ་ཡོངས་སུ་བཀང་བ་དང་སྒལ་དཀྱིལ་ནས་རྦབ་ཆུ་ཞིག་མར་འབབ་པའི་ངོ་མཚར་བའི་བཟོ་ཉམས་ཤིག་ཀྱང་ཡོངས་སུ་གྲུབ་འདུག རྣམ་པ་འདི་མཐོང་བས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཐུ་དང་ནུས་པར་བརྟེན་ནས་ཆུ་ལོག་མར་བཞུར་དུ་བཅུག་པ་དང་བརྗིད་ཉམས་ལྡན་པའི་རྡོ་ཟམ་ཞིག་བཞེངས་པར་བརྩམས་པ་ན།ཉེ་འགྲམ་གྱི་རྒན་པོ་ཞིག་གིས་མཐོང་བ་དང་སློབ་དཔོན་གྱིས་རྒན་པོ་དེ་ལ་ཉིན་ཉེར་གཅིག་རིང་གནས་ཚུལ་འདི་སུལའང་སྨྲ་མི་རུང་བར་གསང་རྒྱ་བྱ་དགོས་པའི་ཁ་དམ་བྱས་ཀྱང་། ཉིན་འགའ་འགོར་རྗེས་རྒན་པོ་དེས་གསང་བ་དེ་ཁ་ནས་ཕྱི་ལ་ཤོར་བས། གྲོང་མི་རྣམས་འཚང་ཁ་ཤིག་ཤིག་གིས་གནས་དེར་ཐོན་ཞིང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཐུ་དང་ནུས་པ་བཀོལ་ཐབས་མ་བྱུང་བར་ཟམ་པ་དེ་ལས་འཕྲོ་བྱས་ནས་དེང་གི་རྣམ་པ་འདི་ལྟ་བུ་ཞིག་ཆགས་པ་རེད། ཟམ་པའི་ཞབས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཟམ་པ་བཞེངས་སྐབས་ཀྱི་ལག་རྗེས་དང་ཞབས་རྗེས་འཁོད་ཡོད་ཅེས་སྡེ་མིའི་ངག་ཏུ་ཡང་གླེང་ཚུལ་ཡོད། ད་ལྟ་ང་ཚོས་མཐོང་སྣང་དུ་གྱུར་བའི་རང་བྱུང་རྡོ་ཟམ་འདིའི་མཐོ་ཚད་ལ་རྨིད་70དང་། ཞེང་ལ་རྨིད8 རིང་ཚད་ལ་རྨིད་500ལྷག་ཡོད།
སྔོན་ཆད་ས་ཁུལ་འདིའི་ཟམ་པ་མང་ཆེ་ཤོས་ནི་ཤིང་ལས་བཟོས་པ་ཡིན་པས་ཆར་ཆུ་གྱིས་གནོད་པ་མང་དུ་བྱུང་། འགྱུར་མེད་སྲ་བརྟན་གྱི་རྡོ་ཟམ་ཚ་ཁ་ནི་ཇ་རྟའི་གནའ་ལམ་གྱི་ངེས་པར་བརྒྱུད་སའི་ལམ་བུ་ཞིག་ཡིན་པ་མ་ཟད། ད་དུང་རྟ་པ་ཚོས་ལམ་བར་ནས་ངལ་གསོ་བྱེད་སའི་ཡུལ་ཞིག་ཏུའང་གྱུར་ཡོད། རྡོ་ཟམ་ཚ་ཁའི་འོག་ན་རང་བྱུང་དུ་བརྡོལ་བའི་ཆུ་ཚན་ཞིག་ཡོད་པས་སྐྱེ་འགྲོའི་ནད་ཀུན་སེལ་བར་མངོན་གསལ་གྱི་ཕན་ནུས་ལྡན་པ་དང་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་གང་ཡིན་རུང་འདི་གར་འཁྲུས་བྱེད་པར་ཡོང་བའི་མགྲོན་པོ་ནི་རྐང་དྲུག་གི་ཁྱུ་ཚོགས་རྣམས་པདྨའི་ཟེའུ་འབྲུ་ལ་སྲེད་པ་ཇི་བཞིན་རྒྱུན་མ་ཆད་པར་ཕེབས་དང་ཕེབས་མུས་སུ་མཆིས། གཞན་ཡང་འདི་གའི་གཡས་གཡོན་དུ་རྫ་རིའི་བསྐོར་བ་དང་ཕྱོགས་བཞིར་སྔོ་ལྗང་ལྗང་གི་ནགས་ཚལ་གྱིས་ཡོངས་སུ་རྒྱན་པས་ཕེབས་པ་ཙམ་གྱིས་ཉམས་དགའ་བའི་ཡིད་སྣང་འཆར་ཡོང་། གནས་འདིར་སྒྲུབ་ཕུག་དང་གནམ་གྱི་ཕྱི་རོལ་ནས་ལྷུང་བའི་བྲག་རྡོ། བརྩེ་དུང་གི་སྡོང་བོ། ལས་འབྲེལ་གྱི་ལམ་བུ། གསེར་གྱི་རུས་སྦལ་གྱིས་ཟླ་བར་གཟིགས་པ་སོགས་མཛེས་ཉམས་སྟོང་གིས་ཕྱུག་པའི་རང་བྱུང་མཛེས་ལྗོངས་གང་མང་ཞིག་ཡོད་པས་འདི་གར་སླེབས་པའི་མི་རྣམས་ཀྱིས་གནས་མཆོག་འདི་ནི་ལྷ་ཡུལ་གྱི་བཀོད་པ་དང་གཅིག་ཏུ་མཐུན་ནོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་མཁའ་ལ་གཏོར་བཞིན་པ་ལགས་སོ།།