རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-14   རྩོམ་ཁུངས།    མི་དམངས་དྲ་བ།
སྒྱུ་རྩལ་ནི་བརྩེ་དུང་གིས་ཕྱུག་པའི་ལག་རྩལ་ཞིག་དང་། རིག་གནས་ནི་བསམ་བློ་ལྡན་པའི་སྒྱུ་རྩལ་ཞིག དེ་ཡང་རས་པ་ནི་ཆེས་ཐོག་མའི་ཡུལ་འཁྱམ་གྱི་སྒྱུ་རྩལ་ཞིག་ནས་ད་ལྟའི་ཚད་ལྡན་སློབ་གསོའི་རིག་གནས་སུ་གྱུར་པ་དེ་ནི་སྒྱུ་རྩལ་གྱི་འཕེལ་རྒྱས་ཞིག་ཡིན་ལ། རིག་གནས་གསར་པ་རྒྱུན་འཛིན་བྱེད་པ་ཞིག་ཀྱང་རེད།
ཕ་ཡུལ་ཆབ་མདོ་ནས་ཡིན་པའི་ཚེ་སྐྱིད་ལགས་ཀྱིས་ལོ་ངོ་20ལྷག་གི་རིང་ལ། རྒྱལ་ཁབ་ཕྱི་ནང་གི་གར་སྟེགས་མང་པོར་འཁྲབ་སྟོན་བྱས་པ་དང་། ཁོང་མོ་ནི་འཁྲབ་སྟོན་པ་བུ་མོ་ཆུང་ཆུང་ཞིག་ནས་མཐའ་མར་རས་པ་དེ་ཉིད་སློབ་གསོའི་མ་ལག་ཏུ་ཁྲིད་པའི་མི་དང་པོར་གྱུར་ཞིང་། རས་པའི་ཞབས་བྲོ་ལ་མདུན་ལམ་གསར་པ་ཞིག་བཏོད་ཡོད་ལ། ཁོང་མོ་ལ"རས་པའི་རྒྱལ་མོ་"ཞེས་པའི་མཚན་སྙན་ཀྱང་ཐོབ་ཡོད་པ་རེད།
ཚེ་སྐྱིད་ལགས་ཀྱིས་ལོ་19ནས་བཟུང་དམངས་ཁྲོད་དུ་བསྐྱོད་ནས་རས་པ་འཁྲབ་མཁན་རྒན་རབས་པ་རྣམས་ལ་འཚམས་འདྲི་ཞུས་ཏེ་རས་པའི་སྐོར་གྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་ལེགས་སྒྲིག་བྱས་པ་དང་། སྔ་གཞུག་ཏུ་རས་པ་འཁྲབ་སྟངས་ཉམས་འགྱུར་མི་འདྲ་བའི་རིགས་བཅུ་ཕྲག་ལྷག་འཚོལ་བསྡུ་ལེགས་སྒྲིག་བྱས་ཡོད་པ་རེད།
རས་པ་འཁྲབ་སྟོན་ནི་བོད་ལྗོངས་གཅིག་པོར་འཁྲབ་སྟོན་བྱས་པ་ཙམ་མ་ཡིན་པར། རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་འཁྲབ་སྟོན་བྱ་དགོས་ཞེས་ཚེ་སྐྱིད་ལགས་ཀྱིས་དེ་ལྟར་བརྗོད་ལ། ཁོང་མོས་འགན་འཁུར་བྱེད་སེམས་འདི་འདྲ་ཞིག་ཡིད་དུ་བཟུང་སྟེ་སྒྱུ་རྩལ་སློབ་སྦྱོང་བྱས་ནས་ཕྱིར་ལོག་རྗེས། རས་པ་འཁྲབ་གཞུང་གསར་རྩོམ་བྱས་པ་དང་། ད་དུང་བོད་རང་སྐྱོང་ལྗོངས་ཀྱི་ཞབས་བྲོའི་ཚོགས་པ་དང་འགྲོགས་ནས་རྒྱལ་ཡོངས་སུ་འཁྲབ་སྟོན་བྱེད་པར་ཕྱིན་ཏེ། གནམ་སྔོན་མོ་ཞབས་བྲོའི་མཛེས་རྒྱན་དང་རྩྭ་ཐང་གར་སྟེགས་བྱེད་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་རས་པ་དེ་རྒྱལ་ཕྱི་ནང་གི་གར་སྟེགས་སུ་ཁྱབ་སྤེལ་བྱས་པ་རེད།
1990ལོ་ནས་བཟུང་ཕྱི་རྒྱལ་དུ་འཁྲབ་སྟོན་བྱེད་པར་འགོ་ཚུགས་པ་དང་། ཁོང་མོས་གསར་རྩོམ་བྱས་པའི་《བོད་ཤར་གྱི་རྔ་འགྲན་བསྡུར་》ཞེས་པ་དང་《ཁམས་པའི་རྔ་སྒྲས་དཔྱིད་དཔལ་བསུ་》ཞེས་པ་སོགས་ཀྱི་འཁྲབ་ཚན་སྔ་གཞུག་ཏུ་ཨ་རི་དང་། ཏེན་མག ཉི་ཧོང་སོགས་རྒྱལ་ཁབ་10ལྷག་ཏུ་འཁྲབ་སྟོན་ཐེངས་བརྒྱ་ལྷག་བྱས་པ་དང་། ཕྱི་རྒྱལ་གྱི་གྲོགས་པོ་ཚོས"ཀྲུང་གོའི་སྒྱུ་རྩལ་རྩེར་སོན་པ་ཞིག"ཅེས་བསྟོད་བསྔགས་བྱས་པ་རེད། ཚེ་སྐྱིད་ལགས་ཀྱིས་གསར་རྩོམ་བྱས་པའི་འཁྲབ་གཞུང་ཁག་ལ་བྱ་དགའ་20ལྷག་ཐོབ་མྱོང་ཞིང་། དེའི་ཁྲོད་དུ་《ཉི་མའི་རྔ་》ཞེས་པ་ནི"སྐབས་ལྔ་པའི་CCTVཞབས་བྲོ་འགྲན་བསྡུར་ཆེན་མོའི་ཁྲོད་ནས་"ཕུལ་བྱུང་བྱ་དགའ་ཐོབ་པ་དང་། 《རས་པ་བུ་མོ་》ཞེས་པར་བོད་ལྗོངས་ཆེད་ལས་ཞབས་བྲོ་འགྲན་བསྡུར་ཆེན་པོའི་སྐབས་སུ"གསེར་གྱི་བྱ་དགའ"ཐོབ་ཡོད་པ་རེད།