རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2017-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སུས་ཀྱང་ཚེ་ཐག་རིང་བར་འདོད་མོད། ཡིན་ནའང་ཚེ་ཐག་རིང་བོར་ལོན་རྒྱུ་འདི་ནི་ཉིན་གཅིག་གི་བྱ་བ་ལྟ་བུ་ཞིག་མིན་པར་ཡུན་རིང་ལ་བདེ་ཐང་གི་འཚོ་བའི་རྣམ་པ་རྒྱུན་འཁྱོངས་དང་། འཚོ་བའི་གོམས་གཤིས་རེ་རེའི་ཐོག་མཉམ་འཇོག་བྱས་ན། ད་གཟོད་ཕལ་ཆེར་ཚེ་ཐག་རིང་བར་ངེས། དབྱིན་ཇིའི་ཉིན་རེའི་གསར་འགྱུར་མེ་ལོང་ཞེས་པའི་ཚགས་པར་ཞིག་གི་སྟེང་དུ་ནང་དོན་གསར་ཞིང་མི་རྣམས་ལ་མཚར་སྣང་བསྐྱེད་པའི་ཚེ་ཐག་རིང་བའི་རྒྱུ་འགའ་ཕྱོགས་བསྡོམས་བྱས་ཡོད་པས། ཀུན་ལ་ཕན་ཕྱིར་འདི་རུ་བཀོད་ན།
ཇ་མ་འཐུང་བའི་སྔོན་དུ་སྲུབ་དཀྲུག་མང་ཙམ་བྱས་ན་བཟང་། ཇའི་ནང་དུ་དབྱང་འགྱུར་སྐུལ་རྫས་འགོག་བྱེད་ཀྱི་རྫས་ཕུན་སུམ་ཚོགས་པ་ཞིག་ཡོད་ཅིང་། རྫས་དེ་དག་གིས་མིའི་ལུས་ལ་སྙིང་ནད་དང་གཅོང་ནད། རྒས་འཁོགས་སུ་འགྱུར་བ་བཅས་སྔོན་འགོག་བྱེད་པའི་ནུས་པ་ཐོན་ཐུབ། དབྱི་སི་ལེའི་མཁས་པ་ཞིག་གིས་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། འོས་འཚམས་ཀྱིས་ཇ་འཐུང་མཁན་ནི་ཇ་མི་མཐུང་མཁན་དང་བསྡུར་ན་ཚེ་རིང་བར་ལོན་ཐུབ་པར་བཤད་ཡོད། མཉམ་འཇོག་བྱེད་དགོས་པ་ཞིག་ནི། ཇ་མ་འཐུང་བའི་སྔོན་དུ་སྦངས་ཡོད་པའི་ཇ་དེ་སྲུབ་དཀྲུག་མང་ཙམ་བྱས་ནས་འཐུང་ན། བྱེད་ཐབས་འདིས་ཇའི་ནང་དུ་རྒས་རྒྱུ་འགོག་པའི་རྫས་མང་པོ་འབྱུང་ཐུབ་པ་ཤེས་རྟོགས་བྱུང་ཡོད།
2ཉིན་རེའི་ཞོགས་པར་རྐང་བ་ཕན་ཚུན་བརྗེས་ནས་ཡར་ལངས་པ། ཉིན་རེའི་ཞོགས་པར་གོན་པ་གྱོན་དུས། རྐང་པ་ཡ་གཅིག་ཕན་ཚུན་བརྗེས་ནས་རྐང་པ་གཅིག་ལ་བརྟེན་ནས་ཡར་ལངས་ཏེ་བསྡད་ན། ལུས་པོའི་ཕྱོགས་ཐམས་ཅད་སྙོམས་པོར་ཡོང་བར་ཕན་ཞིང་། སྒལ་ཚིགས་ཀྱི་ཤ་གནད་ལ་གཞོགས་འདེགས་བྱེད་པའི་སྟོབས་ཤུགས་ཇེ་དྲག་ཏུ་འགྲོ་སྲིད། ལུས་པོ་གསོན་ཤུགས་ལྡན་པ་རྒྱུན་འཁྱོངས་དང་། འགྱེལ་ཤུད་བྱུང་བར་སྔོན་འགོག་བྱེད་པ། ལོ་ན་མཐོན་པོར་ཆགས་དུས་རུས་པར་ཆག་སྐྱོན་བྱུང་རྒྱུར་སྔོན་འགོག་བྱེད་འདོད་ན། སྟབས་བདེ་བའི་བྱེད་ཐབས་འདི་ལ་ཡུན་རིང་ཞིང་མངོན་གསལ་ཆེ་བའི་ཕན་འབྲས་ལྡན་པ་རེད།
3གཟའ་འཁོར་རེར་ཆེས་ཉུང་ནའང་འཁྲིག་པ་ཐེངས2་སྤྱོད་པ། ཞིབ་འཇུག་པས་ཁྱོ་ཤུག་མང་པོར་གཞི་ཁྱོན་ཆེ་བའི་ཞིབ་འཇུག་རྣམ་གྲངས་ཤིག་བྱས་པ་ལས་གསལ་བ་ལྟར་ན། གཟའ་འཁོར་རེར་འཁྲིག་པ་ཐེངས་གཉིས་སྤྱོད་མཁན་དང་། ཟླ་བ་རེར་འཁྲིག་པ་སྤྱོད་ཚད་ཐེངས་གཅིག་ལས་མེད་པའི་ཁྱོ་ཤུག་རྣམས་བསྡུར་ན། འཁྲིག་པ་སྤྱོད་མཁན་ཉུང་མཁན་རྣམས་ལ་འཆི་ཉེན་བྱུང་ཚད་ཅུང་མཐོ་བ་རེད། བདེ་ཐང་ངང་འཁྲིག་པ་སྤྱོད་པའི་བཟའ་ཚང་ནི་བལྟས་པ་ཙམ་གྱིས་རང་ལོ་ལས་ལོ7གྱིས་ཆུང་བ་འདྲ། དེ་ནི་འཚོ་བའི་ནང་བདེ་ཐང་ངང་འཁྲིག་པ་སྤྱད་ན། གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པ་དང་། ཡིད་སེམས་ཚིམ་ཚད་ཇེ་མང་དུ་འགྲོ་བ། གཉིད་ལེགས་པོ་ཞིག་རོལ་ཐུབ་པར་འབྲེལ་བ་ཡོད་པ་རེད།
4 ཉིན་རེར་སྟར་ག་གསུམ་རེ་ཟ་བ། ཨ་རིའི་སུ་ཁུ་ལན་ཏོན་སློབ་ཆེན་གྱིས་ཉེ་ཆར་ཞིབ་འཇུག་བྱས་པ་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། སྟར་ག་ནི་འཚོ་བའི་བདེ་ཐང་ལ་ཆེས་ཤིན་ཏུ་ཕན་པའི་ཤིང་འབྲས་ཀྱི་རིགས་ཤིག་ཡིན་པ་དང་། སྟར་གའི་ནང་དུ་དུག་ནད་དང་རྒས་པའི་གཞི་འགོག་པའི་རྫས་ནུས་པ་ཅན་འདུས་ཡོད། ཉིན་རེར་སྟར་ག་གསུམ་རེ་ཟོས་ན་ལུས་པོ་ལ་ཤིན་ཏུ་ཕན་ཚུལ་བརྗོད་ཡོད།
5 ཡིད་རྟོན་རུང་བའི་གྲོགས་པོ6བསྒྲིགས་པ། ཨོ་སི་ཁྲུ་ལི་ཡའི་ཞིབ་འཇུག་མི་སྣས་ལོ་བརྒྱ་ཡན་ལོན་པའི་རྒན་པ་རྣམས་ལ་ཞིབ་འཇུག་བྱེད་དུས་ཤེས་དོན། གྲོགས་པོ་ཕན་ཚུན་བར་མཛའ་བརྩེ་ཟབ་མོའི་འབྲེལ་བ་ཡོད་པ་དང་། ཁྱིམ་ཚང་འཆམ་མཐུན་ཡོང་བ་ནི་ཚེ་རིང་བའི་རྒྱུ་གལ་ཆེན་ཞིག་ཏུ་ཆགས་ཡོད། གྲོགས་པོ་ཕན་ཚུན་བར་མཛའ་བརྩེ་ཟབ་མོ་ཡོད་ན་གནོན་ཤུགས་སེལ་ཐུལ་ཅིང་། སེམས་ལ་ཟུག་པའི་བརྩེ་བ་དེས་ཀླད་པའི་ནང་དུ་ཕན་པའི་རྫས་གྲུབ་པར་རོགས་བྱས་ནས། ཀླད་པ་བསྐྱེད་པ་དང་རྒས་པའི་གཞི་འགོག་ཐུབ་པ་རེད། ཞིབ་འཇུག་ལས་གཏན་འཁེལ་བྱས་པ་ནི། མི་རེ་རེར་བློ་སེམས་མཐུན་པའི་གྲོགས་མཆོག6རེ་ཡོད་ན་ཚད་དང་མཐུན་པར་འདོད་ཡོད།
6 ཉིན་རེར་ཉི་མར་ལྡེབ་པ། བརྟག་དཔྱད་བྱས་པའི་རྒྱུ་ཆ་ལས་ཤེས་པ་ལྟར་ན། དབྱིན་ཇིའི་མི་བརྒྱ་ཆའི་ལྔ་བཅུ་ཡན་ལ་འཚོ་བཅུད་རྫསDམི་འདང་བ་དང་། འཚོ་བཅུད་རྫས་འདི་ནི་ཉི་འོད་མིའི་སྐྱི་ལྤགས་ཐོག་འཕྲོས་པ་ལས་གྲུབ་པ་ཞིག་ཡིན། མིའི་ལུས་སྟེང་དུ་རྫས་འདི་མེད་ན་ཚེ་སྲོག་གི་བདེ་ཐང་ལ་ཐད་ཀར་གནོད་པ་བསྐྱལ་ནུས་པའི་ནད་གཞི་མང་བོ་འབྱུང་ཉེན་ཡོད་པ་རེད། རབ་ཡིན་ན་ཉིན་རེའི་ཉིན་གོང་གི་སྔ་གཞུག་ཏུ་སྐར15ནས20རིང་ཉི་མར་ལྡེབ་ན་བཟང་བ་དང་། དེའི་ཞོར་དུ། ཉི་མར་ལྡེབ་དུས་སྐྱི་ལྤགས་སྲེག་པའམ་མི་འཚིག་པར་གཟབ་དགོས་པ་དང་། དེ་ལས་འདས་ན་བདེ་ཐང་ལ་ཕན་མི་ཐོགས།
7 ཉིན་རེའི་དགོང་མོ་སོ་འབྲད་སྐུད་པས་སོ་གཙང་སེལ་བྱེད་པ། བརྟག་དཔྱད་ཞིབ་འཇུག་གི་མཇུག་འབྲས་ཚན་པ་འགའ་ལས་ཤེས་ཐུབ་པ་ནི། མི་རྣམས་ལ་སོ་ནད་བྱུང་བ་དེ་ནི་ནད་གཞན་པ་སྟེ། དཔེར་ན་སྙིང་ནད་དང་གཅིན་པ་མངར་འགྱུར་གྱི་ནད། འབྲས་སྐྲན་གྱི་ནད་འགའ་ཤས་ལྟ་བུ་བྱུང་བའི་བར་དུ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རེད། དེའི་རྐྱེན་གྱིས་སོ་ནད་སྨན་པས་མི་རྣམས་ཀྱིས་ཉིན་རེའི་དགོང་མོར་སོ་འཁྲུད་དགོས་པའི་གྲོས་གཞི་བཏོན་ཡོད།
8 ཁྱིམ་ནས་གཅེས་ཁྱི་གསོ་བ། གཅེས་ཁྱི་གསོས་ན་སེམས་ཁམས་ལྷང་ལ་འབབ་པའི་ནུས་པ་ཐོན་ཐུབ་པ་མ་ཟད། ཁྲག་ཤེད་ཇེ་དམའ་དང་།
མི་རྣམས་ལ་སྙིང་ནད་འབྱུང་བའི་ཉེན་ཁའང་ཇེ་ཉུང་དུ་གཏོང་ཐུབ་ཟེར། ཞིབ་འཇུག་གཞན་ཞིག་ལས་ཤེས་པ་ནི། ཉིན་རེར་གཅེས་ཁྱི་སྒོར་འཁྲིད་ནས་འཆམ་འཆམ་དུ་འགྲོ་བ་དང་། སྤྱིར་ནས་གཅེས་ཁྱི་མི་གསོ་བའི་མི་གཉིས་བསྡུས་ན། གཅེས་ཁྱི་གསོ་མཁན་གྱི་མི་དེའི་ཚེ་ཐག་ནི་གཞན་ལས་ལོ་བདུན་གྱིས་རིང་བོ་ལོན་ཐུབ་ཅེས་བཀོད་ཡོད།
9 འཁྱག་སྒམ་ནང་དུ་སིལ་ཏོག་མི་འཇོག་པ། འཁྱག་སྒམ་ནང་དུ་བཞག་པའི་སིལ་ཏོག་གི་འཚོ་བཅུད་དང་། ཁང་པའི་ནང་གི་རྒྱུན་ལྡན་དྲོད་ཚད་འོག་བཞག་པའི་སིལ་ཏོག་གི་འཚོ་བཅུད་ལ་ཁྱད་པར་ཡོད་ཅིང་། འཁྱག་སྒམ་ནང་བཞག་པའི་སིལ་ཏོག་གི་འཚོ་བཅུད་ནུས་པ་ཇེ་ཞན་དུ་གྱུར་ཡོད། དཔེར་ན། དཀར་ཡོལ་ནང་དུ་བཞག་པའི་ཀྲོ་མ་ཀྲུ་དང་སི་པེན་གྱི་འཚོ་བཅུད་ནི། འཁྱག་སྒམ་ནང་བཞག་པའི་ཀྲོ་མ་ཀྲུ་དང་སི་པེན་གྱི་འཚོ་བཅུད་ལས་བཟང་ཞིང་རྫས་མང་པོ་གསོག་ཉར་བྱས་ཡོད།
10 ལུས་པོ་འཁྲུད་དུས་གླུ་རེ་ལེན་པ། ཨ་རིའི་ཧྭ་ཧྥུ་སློབ་ཆེན་དང་། ཡེ་ལུའུ་སློབ་ཆེན་གྱི་མཁས་པས་མཉམ་འབྲེལ་སྒོས་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱུན་དུ་གླུ་དབྱངས་བླངས་ན་བདེ་ཐང་ལ་ཕན་པ་ཆེ་ཞིང་། དེའི་ནུས་པ་ནི་འཚོ་བཅུད་རྫས་ཀྱི་སྨན་འཐུང་བ་ལས་བཟང་ཞེས་བཤད་ཡོད། ལུས་པོ་འཁྲུད་དུས་གླུ་དབྱངས་བླངས་ན། གནོན་ཤུགས་སེལ་ཐུབ་པ་མ་ཟད། ད་དུང་སྙིང་གི་བདེ་ཐང་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ནས། ཡིད་མུག་པའམ་ཧོན་འཐོན་པའི་སྣང་ཚུལ་དེ་སྔོན་འགོག་བྱེད་ཐུབ་པར་བཤད་ཡོད།