ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་《ཏང་དར་འོག་》ཅེས་པ་པེ་ཅིང་དུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-31   རྩོམ་ཁུངས།    མི་དམངས་དྲ་བ།


        ཁྲག་དྲོན་དང་ལེགས་སྐྱེས་ཐོག་ནས་བརྗིད་ཆགས་ཡིད་དུ་འོང་བའི་ལོ་རྒྱུས་སྙན་ངག་བརྩམས། ལྷག་བསམ་ཟོལ་མེད་དང་དད་སེམས་ཀྱི་ཐོག་ནས་འོད་སྟོང་འབར་བའི་རྒྱང་སྐྱོད་ལམ་བུ་བཏོད། ཟླ་7ཚེས་28ཉིན་གྱི་དགོང་མོ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་《ཏང་དར་འོག་》ཅེས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་3000ལྷག་ཙམ་གྱིས་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།
        ཆུ་ཚོད་19དང་སྐར་མ་55ལ་སྤྲོ་སྣང་ལྡན་པའི་མགྲོན་བསུའི་རོལ་དབྱངས་གྲགས་པ་དང་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོ་ཚོགས་ཁང་ཆེ་མོའི་ནང་ཕེབས་ཏེ་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས་ཀྱི་འཐུས་མི། “བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་བཅས་ལ་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཁོང་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པར་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
        ལོ་90ཡི་ཐུན་མོང་མ་ཡིན་པའི་ལོ་ཟླ། ལོ་90ཡི་སྙིང་རུས་ཆེན་པོའི་མདུན་སྐྱོད། མཚན་ཚོགས་ལེ་ཚན་བཞི་བརྒྱུད་མི་དམངས་དམག་དཔུང་གིས་ཏང་དར་གྱི་སྣེ་ཁྲིད་འོག་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེའི་བར་ཟམ་མི་ཆད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་མཚོན་པར་བྱས་ཡོད།
        རྒྱབ་ལྗོངས་མཉམ་གཞས་《རྒྱལ་སྤྱིའི་གླུ་གཞས་》ཀྱིས་ལེ་ཚན་དང་པོ་《རྩ་བ་འཛུགས་པ·དམར་དམག་གི་རྩ་བ་འཛུགས་པ་》ཞེས་པས་འགོ་བརྩམས་པ་དང་《བརྒྱད་གཅིག་འོས་ལངས་》དང་། 《ཤིས་ཅང་གཡོད·ཅིང་ཀང་རི་བོ》 《སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད》 《གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ·དམག་དཔུང་མཉམ་འཛོམས་ཆེན་པོ་》སོགས་གཞས་སྣེ་འདྲེན་པ་དང་། མཉམ་གཞས། རྒྱབ་ལྗོངས་འཁྲབ་སྟོན་བཅས་བྱས་ནས་བཙུགས་མ་ཐག་པའི་ཀྲུང་གོ་གུང་ཁྲང་ཏང་གིས་ཁྲག་དྲི་འཚུབ་འཚུབ་ཁྲོད་བརྟན་པོའི་ངང་ཡར་ལངས་ཏེ“གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་སྐོར་བ་དང་། དྲག་ཤུགས་ལ་བརྟེན་ནས་སྲིད་དབང་ལེན་པའི”གསར་བརྗེའི་ལམ་བུ་ཞིག་བཏོད་པ་བསྐྱར་དུ་མཚོན་པར་བྱས་ཡོད། ལེ་ཚན་གཉིས་པ་《ཁྲག་དྲོན·མི་རིགས་ཀྱི་རེ་བ་ཕྲག་ཏུ་ཁུར་》ཞེས་པའི་ནང་རྒྱབ་ལྗོངས་མཉམ་གཞས་《ངར་སྒྲ་སྒྲོག་དང་། རྨ་ཆུ་》དང་། 《ཡན་ཨན་ལ་བསྟོད་པ·དགྲ་བོའི་རྒྱབ་ཕྱོགས་སུ་སྐྱོད》 《དོང་ལམ་དམག་འཐབ·མའོ་ཀྲུའུ་ཞིའི་བཀའ་མོལ་སེམས་སུ་བཅངས་》སོགས་གཞས་སྣེ་འདྲེན་པ་དང་། མཉམ་གཞས། རྒྱབ་ལྗོངས་འཁྲབ་སྟོན་བཅས་བྱས་པ་ལས་མི་རྣམས་ཀྱིས་དམག་འཁྲུག་གི་ལོ་རབས་ཕྱིར་དྲན་ཐུབ་པ་དང་མི་དམངས་དམག་དཔུང་གིས་ཏང་གི་འགོ་ཁྲིད་འོག་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་བརྒྱུད་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གཏོང་ཆེད་ལོ་རྒྱུས་དེབ་ཐེར་ཐོག་འོད་སྟོང་འབར་བའི་བྱས་རྗེས་བཞག་པ་མཚོན་ཡོད། ལེ་ཚན་གསུམ་པ་《ལེགས་སྐྱེས·སྲ་ཞིང་བརྟན་པའི་ལྕགས་རི་རིང་པོ་བསྐྲུན་》ཞེས་པའི་ནང་《ང་ནི་དམག་མི་ཞིག་ཡིན་》དང་། 《ཧྲང་ཀན་ལིང·ངའི་མེས་རྒྱལ》 《མིག་དཔེ་བཟང་པོ་ལེ་ཧྥུང་ལ་སློབ་སྦྱོང་བྱེད》 《ཁྱེད་ནི་ངའི་ཕ་མ་དང་ང་ནི་ཁྱེད་ཀྱི་དམག་མི་ཡིན་》ཞེས་པ་སོགས་ཀུན་གྱིས་དགའ་པོ་བྱེད་པའི་གླུ་གཞས་ལས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དམག་དམངས་མཐུན་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་གྱི་བསམ་པའི་ཉམས་འགྱུར་ཞིག་མཚོན་ཡོད། ལེ་ཚན་བཞི་པ་《དམག་དཔུང་སྟོབས་ཆེར་གཏོང་བ·རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་》ཅེས་པའི་ནང་《ང་ཚོ་བསྐྱར་དུ་ཀུའུ་ཐེན་ནས་ཐོན་》དང་། 《འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲའི་ཕྱོགས་སུ་མདུན་སྐྱོད་བྱེད》 《བརྒྱད་གཅིག་དམག་དར་དམར》《བསྐྱར་དར་གྱི་འབོད་སྐུལ》 《ཁྱེད་ལ་ཤོད་འདོད་ཆེ་》སོགས་ཀྱི་འཁྲབ་སྟོན་གྱི་འགྱུར་ཁུག་སྙན་ལ་བརྩེ་དུང་ཟབ་པ་དང་དཔའ་ངར་ཆེར་སྐྱེད་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་དམངས་དམག་དཔུང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་སྤོས་པའི་གོམ་སྟབས་བརྟན་པོ་མཚོན་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རིགས་གསུམ་གྱི་གཟབ་སྦྲེང་རུ་ཁག་འཁྲབ་སྟོན་ལ་ཞུགས་པའི་མཉམ་གཞས་《དམག་སྟོབས་ཆེར་གཏོང་བའི་དམག་འཐབ་ཀྱི་གླུ་དབྱངས་》ལས་མཚན་ཚོགས་ཀྱི་མཐོ་རླབས་སླར་ཡང་འཕྱུར་བ་དང་མི་དམངས་དམག་དཔུང་གིས་ཏང་གི་འགོ་ཁྲིད་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་དེ་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་འཛུགས་སྐྱོང་བྱ་ཆེད་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད།
        མཚན་ཚོགས་འདི་ཉིད་ཟིལ་ཉམས་ཆེ་ལ་འཁྲུག་ཆ་དོད་པ་དང་སྒྱུ་རྩལ་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་ནས་མི་དམངས་དམག་དཔུང་དེ་གསར་བརྗེའི་རླབས་རྒྱུན་ཁྲོད་དབུ་བརྙེས་པ་དང་ངལ་བ་དུ་མ་ཁྱད་དུ་བསད་པ་དང་གཟི་བརྗིད་གཏོད་པའི་ལོ་རྒྱུས་ཀྱི་བྱས་རྗེས་གསོན་ཉམས་ལྡན་པའི་ངང་མངོན་པ་དང་། མི་དམངས་དམག་དཔུང་གི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འོས་འགན་བློ་ལ་བརྟན་པོ་ངེས་ནས་ཏང་དར་གྱི་སྣེ་ཁྲིད་འོག་གཟི་བརྗིད་གསར་པ་གཏོད་པའི་བརྗིད་ཆེའི་སྙིང་སྟོབས་ལ་བསྟོད་གླུ་ཕུལ་ཡོད། འཁྲབ་སྟོན་གྱི་མཐོ་རླབས་ཡང་ཡང་འཕྱུར་བ་དང་དགོང་ཚོགས་ཚོགས་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་རེད།