རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-02   རྩོམ་ཁུངས།    མི་དམངས་དྲ་བ།
གཟེངས་རྟགས་ཐོབ་མཁན་གྱི་བོད་རྒྱ་སྐད་གཉིས་མཁོ་སྤྱོད་མ་ལག་དག
ཟླ་7ཚེས་31ཉིན་གྱི་ཕྱི་དྲོར།བོད་རང་སྐྱོང་ལྗོངས་ཀྱི་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་སློབ་སྟོན་གནང་བ་དང་།ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་བོད་ལྗོངས་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་བོད་རྒྱ་སྐད་གཉིས་མཁོ་སྤྱོད་མ་ལག་གསར་སྤེལ་འགྲན་བསྡུར་གྱི་གཟེངས་རྟགས་འབུལ་བའི་མཛད་སྒོ་པེ་ཅིང་དུ་སྤེལ་བ་རེད།
གཟེངས་རྟགས་འབུལ་བའི་མཛད་སྒོ་སྤེལ་ཡུལ་དངོས་སུ།རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་སྤོ་སྒུལ་དྲ་སྦྲེལ་དོ་དམ་ཅུས་ཀྱི་འགན་འཛིན་ཧྥང་ནན་(方楠)དང་བོད་ལྗོངས་དྲ་སྦྲེལ་ཆ་འཕྲིན་གཞུང་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་དོན་གྲུབ་རྣམ་གཉིས་ཀྱིས་གཏམ་བཤད་གནང་བ་རེད།ཧྥང་ནན་ལགས་ཀྱིས་ཐེངས་འདིའི་འགྲན་བསྡུར་ཆེ་མོ་འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་དྲ་སྦྲེལ་དབུལ་སྐྱོར་ལས་དོན་ཇུས་ཐག་གཅོད་པའི་བྱ་སྤྱོད་བྱེ་བྲག་ཏུ་སྤེལ་བ་ཡིན་ལ།འགྲན་བསྡུར་ཆེ་མོ་བདེ་བླག་ངང་གཉེར་ཐུབ་པ་བྱུང་བས།བོད་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཞབས་ཞུ་བསྒྲུབ་པ་མ་ཟད།མི་རིགས་ས་ཁུལ་གྱི་དཔལ་འབྱོར་རིག་གནས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་བོད་ཡིག་ཆ་འཕྲིན་ཅན་གྱི་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད་ལ་སྐུལ་འདེད་ཀྱང་བྱེད་པའི་དོན་སྙིང་ཆེན་པོ་འདུག་ཅེས་བསྟན་པ་རེད།བསོད་ནམས་དོན་གྲུབ་ལགས་ཀྱིས།བོད་རྒྱ་སྐད་གཉིས་མཁོ་སྤྱོད་མ་ལག་གསར་སྤེལ་འགྲན་བསྡུར་ཆེ་མོ་ནི་རྩེ་གྲ་འགྲེམས་སྟོན་དང་།སྤེལ་རེས་མཉམ་ལས།བོད་ཀྱི་རིག་གནས་སྣེ་ཁྲིད་ཀྱི་དགྱེས་སྟོན་དང་བོད་རིགས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས།བོད་རང་སྐྱོང་ལྗོངས་ཀྱི་སྤོ་སྒུལ་དྲ་སྦྲེལ་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ལག་རྗེས་གསར་པ་འཇོག་རྒྱུ་ཡིན་པ་རེད་ཅེས་བསྟན་པ་རེད།
འགྲན་བསྡུར་གྱི་གཙོ་གཉེར་ཕྱོགས་ཀྱི་འཐུས་ཚབ་མི་སྣ་བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲང་ཅི་རྨིན་(张济民)གྱིས་མཚམས་སྦྱོར་བྱས་པར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ནི་2017ལོའི་ཟླ་དང་པོར་སྤེལ་འགོ་ཚུགས་པ་ནས་བཟུང་།རྒྱལ་ཡོངས་ཀྱི་མཁོ་སྤྱོད་མ་ལག་གསར་སྤེལ་གྱི་ཁེ་ལས་དང་གསར་སྤེལ་མཁན་ཚོས་དོ་སྣང་དང་སྤྲོ་སེམས་ཆེན་པོས་མཉམ་དུ་ཞུགས་པ་མ་ཟད།ཀྲུང་གོའི་གློག་འཕྲིན་དང་།ཀྲུང་གོའི་མཉམ་འབྲེལ་འཕྲིན་གཏོང་།ཀྲུང་གོའི་སྤོ་སྒུལ་བཅས་ཀྱི་གཉེར་སྐྱོང་ཀུང་སི་གསུམ་དང་ཞུའོ་རྨི།ཧྭ་ཝེ་སོགས་ཀྱི་ལག་ཁྱེར་ཁ་པར་མཐའ་སྣེའི་བཟོ་གྲྭའི་ཚོང་པའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་རེད།གཙོ་གཉེར་ཕྱོགས་ལ་ཁྱོན་བསྡོམས་འགྲན་ཞུགས་མཁོ་སྤྱོད་མ་ལག་200ལྷག་ཙམ་འབྱོར་བ་དང་།ནང་དོན་དུ་གློག་རྡུལ་ཚོང་གཉེར་དང་།འཚོ་བའི་ཞབས་ཞུ།མ་ལག་ཡོ་བྱད།ཡི་གེ་གཏག་ཐབས།ལོ་ཙཱ་སོགས་ཀྱི་རིགས་ཡོད་པ་རེད།ཆེད་མཁས་པའི་དཔྱད་འདེམས་ཚོགས་པས་རིགས་དབྱེ་དང་།ནང་དོན།སྤྱོད་ནུས།གསར་གཏོད་རང་བཞིན།རྒྱུན་མཐུད་རང་བཞིན་སོགས་ཀྱི་ཕྱོགས་ནས་རེས་སྐོར་མང་བའི་ཕྱོགས་བསྡུས་དཔྱད་ཞིབ་གནང་རྗེས།ཁྱོན་བསྡོམས་ཨང་དང་པོ་ཐོབ་མཁན་གཉིས་དང་།ཨང་གཉིས་པ་ཐོབ་མཁན་བརྒྱད།ཕུལ་བྱུང་བྱ་དགའ་ཐོབ་མཁན་བདུན་བཅས་བདམས་ཏེ་བོད་རིགས་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་དང་མཐུན་ལ།ཐོན་སྐྱེད་འཚོ་བའི་དགོས་མཁོ་སྐོང་ཐུབ་པའི་བོད་རྒྱ་སྐད་གཉིས་མཁོ་སྤྱོད་མ་ལག་ཕུལ་བྱུང་བཏོན་པ་རེད།
གཟེངས་རྟགས་འབུལ་བའི་མཛད་སྒོའི་ཐོགཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་དྲུང་ཆེ་ཝེ་ཀྲེང་ཤིན་(魏正新)གྱིས་གཟེངས་རྟགས་ཐོབ་མཁན་གྱི་མིང་ཐོ་བསྒྲགས་པ་དང་།བྱ་དགའ་ཨང་དང་པོ་ཐོབ་མཁན་ཨེ་མ་ཧོ་ལོ་ཙཱ་དང་ཚོང་རའི་མེ་ལོང་མཁོ་སྤྱོད་མ་ལག་གསར་སྤེལ་མཁན་གཉིས་ཀྱིས་གཟེངས་རྟགས་ཐོབ་མཁན་གྱི་འཐུས་ཚབ་བྱས་ནས་གཏམ་བཤད་སྤེལ་བ་རེད།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།བཟོ་ལས་ཆ་འཕྲིན་པུའུ།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན།སི་ཁྲོན་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་།ཡུན་ནན་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་།མཚོ་སྔོན་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན།དེ་བཞིན་ཀྲུང་གོའི་གློག་འཕྲིན་དང་།ཀྲུང་གོའི་མཉམ་འབྲེལ་འཕྲིན་གཏོང་།ཀྲུང་གོའི་སྤོ་སྒུལ།ཞུའོ་རྨི།ཧྭ་ཝེ་སོགས་ཁེ་ལས་ཀྱི་འབྲེལ་ཡོད་འཐུས་ཚབ་མི་སྣའང་གཟེངས་རྟགས་འབུལ་བའི་ཚོགས་ཆེན་དུ་ཞུགས་ཡོད་པ་རེད།