རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-10   རྩོམ་ཁུངས།    བདེ་ཆེན་བོད་ཡིག་སྨྱན་བྱད།
སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ལས་རྒྱུས་ལོན་པ་ལྟར་ན།མིག་སྔར།གཟི་རྩ་སྡེ་དགུ་ཡི་རིམ་པ་7.0ཅན་གྱི་ས་འགུལ་ལས་མི་19ཤི་བ་དང་མི་343རྨས་ཡོད།ཛ
ཀྲུང་གོའི་ས་འགུལ་ཁང་གི་དྲ་བ་ལས་ཚད་རིམ་འཇལ་བ་ལྟར་ན།ཟླ་8པའི་ཚེས་8ཉིན་གྱི་མཚན་མོའི་དུས་ཚོད་21དང་སྐར19སྟེང་།སི་ཁྲོན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་ཡི་བྱང་འཕྲེད་ཏུའུ་33.2དང་ཤར་གཞུང་ཏུའུ་103.82ཡི་མཚམས་སུ་རིམ་པ་7.0ཅན་གྱི་ས་འགུལ་བྱུང་ཞིང་།ས་འགུལ་གྱི་ཟབ་ཚད་སྤྱི་ལེ་20ཡིན།
ས་འགུལ་ལྟེ་གནས་དེ་ནི་གཟི་རྩ་སྡེ་དགུ་རྫོང་མཁར་དང་བར་ཐག་སྤྱི་ལེ་39དང་།ཟུང་ཆུ་དང་བར་ཐག་སྤྱི་ལེ་66།འབྲུག་ཆུ་དང་བར་ཐག་སྤྱི་ལེ་83།མཛོད་དགེ་དང་བར་ཐག་སྤྱི་ལེ90།ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་285ཡོད།
ས་འགུལ་གནོད་སྐྱོན་བྱུང་རྗེས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲལ་མར་སི་ཁྲོན་གཟི་རྩ་སྡེ་དགུར་བྱུང་བའི་རིམ་པ་7.0ཅན་གྱི་ས་འགུལ་ཐད་མཛུབ་སྟོན་གལ་ཆེན་གནངས་ཤིང་།གང་མྱུར་ཅི་མྱུར་སྒོས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་གནོད་སྐྱོན་སེལ་བ་དང་ནུས་ཤུགས་ཡོད་དགུས་རྨས་མ་བསྐྱབས་ནས་ཤི་རྨས་ཚད་གང་ནུས་ཀྱིས་ཇེ་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་མཛུབ་སྟོན་གནངས་ཏེ།གནོད་ཚུལ་བརྟག་བཤེར་དང་གནོད་སེལ་རོགས་སྐྱོབ་གང་ནུས་ཀྱིས་རྩ་འཛུགས་བྱས་ཏེ།ཤི་རྨས་ཚད་ནུས་ཡོད་ཀྱིས་ཇེ་ཉུང་དུ་གཏོང་བ།གནོད་ཐེབས་མང་ཚོགས་འོས་ཤིང་འཚམས་པར་གནས་སྤོར་བདེ་འགོད་བྱེད་པ།ས་འགུལ་གནས་ཚུལ་ལ་ལྟ་སྐུལ་ཚད་ལེན་བྱས་ཏེ་སླར་འབྱུང་གནོད་འཚེ་སྔོན་འགོག་བྱེད་དགོས།
ས་འགུལ་བྱུང་རྗེས།སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་དེ་མ་ཐག་ཏུ་མཛུབ་སྟོན་གནངས་ཤིང་།འཕྲལ་མར་མཁོ་བསྟུན་རོགས་སྐྱོབ་བྱེད་པ་དང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་སྒྲུབ་ཚན་ཆུང་ཡུལ་དངོས་སུ་མངགས་ནས་གནོད་སེལ་ལས་ཀར་མཛུབ་སྟོན་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན།
ས་འགུལ་བྱུང་རྗེས།རྔ་བ་ཁུལ་གྱིས་འཕྲལ་མར་ས་འགུལ་གནོད་འཚེའི་རིམ་པ་དང་བོའི་མཁོ་བསྟུན་ཉེན་སེལ་འཆར་གཞི་བཀོད་ཅིང་།མཁོ་བསྟུན་ཡུལ་དངོས་བཀོད་འདོམས་པུའུ་བཙུགས།ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་དབྱང་ཁེ་ཉིང་རྣམ་གཉིས་ཀྱིས་ལས་སྒྲུབ་ཚན་ཆུང་ཁྲིད་ནས་ཡུལ་དངོས་སུ་ཕེབས།
མིག་སྔར།གཟི་རྩ་སྡེ་དགུ་དང་ཟུང་ཆུ་གཉིས་ཀྱིས་ཆེད་ལས་སྨན་བཅོས་རུ་ཁག་3རྩ་འཛུགས་བྱས་ཏེ་ཡུལ་དངོས་སུ་ཐོན་ནས་མྱུར་སྐྱོབ་བྱེད་བཞིན་ཡོད།ཧུང་ཡོན་དང་མཛོད་དགེ།ཁུལ་མི་དམངས་སྨན་ཁང་བཅས་ཀྱིས་ཆེད་ལས་མི་སྣ་རྩ་འཛུགས་བྱས་ཏེ་གནོད་ཁུལ་དུ་འགྲོ་བཞིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་གཞུང་ལམ་ཤར་གཏོང་དང་འགྲིམ་འགྲུལ་དོ་བདག་ལེགས་པོར་སྒྲུབ་བཞིན་ཡོད།གཟི་རྩ་སྡེ་དགུ་དང་ཟུང་ཆུ།ཧུང་ཡོན།མཛོད་དགེ་བཅས་ཀྱིས་ཆུ་དང་ཟས།གོས།སྦྲ་གུར།མལ་ཐུལ།སྨན་བཅོས་སྒྲིག་ཆས་སོགས་གནོད་སེལ་དངོས་རྫས་དག་གནོད་ཁུལ་དུ་སྐྱེལ་འདྲེན་བྱེད་བཞིན་གདའ།འཕྲིན་གཏོང་འགན་ལེན་གང་ནུས་ཀྱིས་ལེགས་པོར་སྒྲུབ་བཞིན་གདའ།