འཇོལ་རྫོང་ཀོང་རྩེད་རའི་ཤིང་ཕུར་སྐོར་བཤད་པ།

རྩོམ་པ་པོ།   དོན།  ཡིག་བསྒྱུར།       དུས་ཚོད།   2017-08-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   གནའ་བོའི་གཏམ་དཔེ་རུ་ཕུར་ཁ་བྲང་ཁར་སྦྱར་ཞེས་པ་ལྟར།  དེ་ཡང་བོད་ཀྱི་ཡུལ་གྲུ་སྟོད་སྨད་བར་གསུམ་གང་དུ་འགྲོ་ནའང་རྒྱང་རིང་གི་མགྲོན་པོ་དག་ལ་དགོད་པའི་འཛུམ་དང་དྲི་ཞིམ་མངར་ཇ་ཡང་ན་དཀྲུགས་ཇ། འོ་ཇ། ནས་ཆང་སོགས་ཀྱི་བཏུང་བ་དང་། ཤ་མར་ཐུད་གསུམ་དང་།རྩམ་པ་ཐུག་པ་སོགས་ཟས་ཀྱིས་སྟོན་མོ་ཐོབ་ངེས་ཀྱང་། ཕྱོགས་སོ་སོའི་བདག་པོས་དང་ཐོག་མགྲོན་པོར་ཟས་སྣོད་ཕུར་པ་མི་སྤྲོད་ཞིང་ཁོ་རང་གིས་རུམ་ནས་བླངས་པར་སྒུག་སྲོལ་ཡོད།  སྔར་ནས་བརྒྱུད་པའི་ལུགས་སྲོལ་དེ་ནི་རང་རེའི་མི་རིགས་འདིས་རང་གི་ཕུར་པར་རྩ་ཆེན་བྱེད་པ་དང་།  འཕྲོད་བསྟེན་ལ་མཐོང་ཆེན་བྱས་པ་ཤུལ་ནས་གསལ་པོ་གོ་ཐུབ། རང་རིགས་ཨ་མྱེས་ཡང་མྱེས་སྐབས་ནས་རུམ་དུ་བཅུག་ནས་ཁུར་པའི་ཕུར་པ་དེ་ནི་དཀར་ཡོལ་གྱི་མིན་ལ་གསེར་ཟགས་དངུལ་ལྕགས་སོགས་ལས་གྲུབ་པའང་མ་ཡིན་ཏེ། ཀུན་གྱིས་ཆེས་ཆ་རྒྱུས་ཡོད་པའི་ཤིང་ཕུར་རམ་ཅ་ནེ་དཀྱུས་མ་དེ་རིགས་ཡིན།


བཀྲ་ཤིས་མཆོད་ཆང་བསིལ་མ་གྲོགས་པོ་ཁྱེད་ལ་ཕུལ་ཡོད།

  སྤྱིར་བོད་ཀྱི་ཡུལ་གྲུ་འདིར་ཤིང་ཕུར་བཟོ་ཡུལ་གང་དང་གང་ཡོད་ཞེས་ཁ་ཆོད་བྱ་མ་ཕོད་ཀྱང་། ཡོངས་གྲགས་སུ་ལྷོ་ཁའི་རྒྱ་ཚ་ཡི་ཤིང་ཕུར་དང་། ཉིང་ཁྲིའི་མེ་ཏོག་གི་མོན་གྱི་ཤིང་ཕུར། བདེ་ཆེན་ཀོང་རྩེད་ར་ཡི་ཤིང་ཕུར་གསུམ་ནི་མི་རྣམས་ཀྱི་ངག་ཏུ་གྲགས། རྒྱ་ཚའི་ཤིང་ཕུར་དང་མོན་གྱི་ཤིང་ཕུར་ལ་ཆ་རྒྱུས་མི་ལྡན་པས་འདི་དང་དེ་ཞེས་ཚིག་ཉོག་བཤད་མ་ཕོད་ལ། འདིར་ཀོང་རྩེད་ར་ཡི་ཤིང་ཕུར་སྐོར་ཚིག་གསུམ་ཞུ། 

      ཡུལ་གྲུ་གཞན་པ་རུ་ཀོང་རྩེད་ར་ཡི་ཤིང་ཕུར་ཞེས་མིང་དུ་གྲགས་ནའང་དོན་དངོས་སུ་ཤིང་ཕུར་དེ་དག་གི་འབྱུང་ཡུལ་དངོས་ནི་ཀོང་རྩེད་ར་མིན་ཞིང་ཡུལ་དེ་དང་ཐག་ཉེ་བའི་ཀླུང་ནགས་ཅེས་པའི་གྲོང་སྡེ་ཆུང་ཆུང་ཞིག་ཡིན། དོན་དེ་ནི་ཡུལ་གྲུ་གཞན་པའི་མི་རྣམས་ཀྱིས་ནོར་བ་བཤད་ཅི། བདེ་ཆེན་ཁུལ་དུ་འཚོ་གནས་བྱེད་པའི་སྐྱེ་བོ་མང་ཤོས་ཀྱང་གསལ་བོ་ཤེས་ཀྱིན་མེད། སྨྱུག་ཐོགས་པས་ཉམས་མྱོང་རྒན་པོ་མི་ཉུང་བར་སྐད་ཆ་དྲིས་མཐར་མི་རབས་འགའི་རིང་དུ་ཀོང་རྩེད་རའི་ཤིང་ཕུར་ཞེས་འབོད་པ་དེ་དོན་དངོས་སུ་ཀླུང་ནགས་ཤིང་ཕུར་ཡིན་པ་གསལ་པོ་ཤེས་སོང་།

       ཀླུང་ནགས་ནི་ཇ་རྟ་གནའ་ལམ་གྱི་བབས་ཚིགས་གལ་ཆེན་ཀོང་རྩེད་ར་ཡི་ཤར་ལྷོ་ཕྱོགས་སུ་གནས་ཅིང་གསེར་ལྡན་འབྲི་ཆུའི་ནུབ་ངོགས་སུ་ཆགས།དགུན་གྱི་དུས་འདིར་གྲོགས་མཆོག་འགའ་དང་མགྱོགས་འགྲོ་རླངས་འཁོར་ལ་བརྟེན་ནས་ཡུལ་དེར་སླེབས།

       ཁ་པར་ཐོག་ནས་འབྲེལ་བ་བྱེད་པ་ལྟར་ཀླུང་ནགས་སུ་སྐད་གྲགས་ལྡན་པའི་ཤིང་མཁན་ཧོ་ཡུས་ཧྭ་དང་ཁོ་ཚང་གི་མག་པ་ཉི་མ་གཉིས་གྲོང་འགོ་རུ་སྒུག་ནས་ཡོད་ལ་ངེད་རྣམས་རླངས་འཁོར་ནས་བབ་པ་དང་ཁ་བཏགས་ཀྱིས་ཁྱིམ་དུ་བསུ།




 ཤིང་ཕུར་སྣ་ཚོགས།

       ཀླུངས་ནགས་ཀྱི་དུད་ཚང་མི་ཉུང་བས་ཤིང་ཕུར་དང་། སྤ་རུ། ཤིང་སྡེར། ཤིང་ཀོང་། མར་སྤ། ཟ་རུ་སོགས་ཤིང་ཆས་འདྲ་མིན་བཟོ་སྲོལ་ཡོད་ལ། ཧོ་ཡུས་ཧྭ་ཚང་ནི་གྲོང་པ་རུ་སྐད་གྲགས་ཡོད་པའི་ཤིང་མཁན་རྒྱུད་པ་རེད་འདུག་སྟེ ། ད་བར་མིང་བཏགས་རྒྱུ་ཡོད་པ་རྐྱང་པ་ནི་མི་རབས་ལྔ་ཟིན་ཡོད་ལ་དེའི་སྔོན་ཡང་ངག་སྒྲོས་སུ་བཤད་རབས་འདུག         

       ཧོ་ཡུས་ཧྭ་ཚང་གི་ཁྱིམ་ནི་ད་ལྟར་ཤིང་ཆས་བཟོ་གྲྭ་ཞིག་རེད་ཟེར་ནའང་མི་ཆོག་རྒྱུ་མེད། ཁོ་ཚང་གི་ཁང་པའི་ཐོག་རྩེགས་དང་པོ་རུ་ཤིང་ཕུར་གྱིས་གཙོ་བའི་ཤིང་ཆས་འདྲ་མིན་བཟོ་བྱེད་ཀྱི་རྒྱུ་ཆ་སྤུངས་ཡོད་ལ། ཁོའི་བུ་མོ་དང་དམག་པ་དེ་མིན་གླ་པ་འགས་ཤིང་ཆས་འདྲ་མིན་བཟོ་བཞིན་འདུག   

       ངོ་སྤྲོད་བྱེད་པ་ལྟར་ཀླུགས་ནགས་ཀྱི་ཤིང་ཆས་འདྲ་མིན་ལས་གཙོ་བོ་ཤིང་ཕུར་ཡིན་པ་དང་། ཤིང་ཕུར་བཟོ་བའི་རྒྱུ་ཆ་ནི་རྫབ་དང་། སྤེན་རྩ།སྒྲོན་སྲིན།ལ་པ།གཡང་སྡོང་སོགས་སུ་དབྱེ་རྒྱུ་ཡོད་ལ། རྒྱུ་ཆ་དེ་དག་ནི་སྟུག་པའི་ནགས་གསེབ་ཏུ་ཤིང་འཛེར་པ་ལས་བྱུང་ཞིང་། སྤྱོད་སྒོ་ཡོད་པའི་འཛེར་པ་མཐོང་དུས་འཛེར་པ་ཧྲིལ་པོ་ཤིང་སྡོང་ནས་གཅོད་དགོས་པ་ལས་སྡོང་པོ་རང་ལ་གནོད་པ་བྱ་རྒྱུ་མེད། དེའང་རྫབ་དང་ལ་པ་ནི་ཤིན་ཏུ་ཐོབ་དཀའ་ཞིང་ལས་བསྐྲུན་བྱས་རྗེས་ཀྱི་ཤིང་ཆས་རི་མོ་གསལ་ཞིང་མདོག་ཡག་པས་མི་ཀུན་གྱིས་བརྩི་མཐོང་བྱས་ཏེ་རིན་གོང་མཐོ་པོ་སྤྲོད་ནས་ཁྱིམ་དུ་གཡང་ཟོག་ཏུ་བཀོད།  བཤད་སྲོལ་དུ་ནགས་གསེབ་དུ་རྫབ་དང་ལ་པ་མཐོང་བ་དང་རྒྱབ་གོས་སོགས་ཀྱིས་བཀབ་དགོས་པ་ལས་ཤིང་འཛེར་དེ་བྲོས་འགྲོ་སྲིད། 

        ཤིང་འཛེར་དེ་དག་སྡུད་ནས་ཁྱིམ་དུ་ཁུར་ཡོང་རྗེས་ཐོག་མར་ཕྱི་དབྱིབས་རགས་ཙམ་བརྐོ་དགོས་པ་དང་། དེ་ནས་ཆུ་ནང་བཙོ་དགོས་ཤིང་བཙོ་ཡུན་ནི་ཉམས་མྱོང་ཡོད་མཁན་ཚོས་ཤིང་འཛེར་ལ་བརྟེན་ནས་རྒྱུས་ལོན་བྱ་དགོས་པ་ལས་དུས་ཚོད་གཏན་འཁེལ་དེ་འདྲ་མེད།བཙོས་ཟིན་པའི་ཤིང་འཛེར་དེ་དག་སྐམ་ནས་ཉི་མ་འགའ་ཆགས་རྗེས་བཟོ་དགོས་པའི་ཤིང་ཆས་ལྟར་དབྱིབས་འདྲ་མིན་དུ་བཟོས་རྗེས་གཞི་ནས་ཤིང་ཕུར་དང་སྤ་རུ།ཤིང་སྡེར། ཤིང་ཀོང་།མར་སྤ།ཟ་རུ་སོགས་ཤིང་ཆས་འདྲ་མིན་དུ་བརྐོ་དགོས།  ཤིང་ཆས་བཟོ་བའི་ལག་ཤེས་གཙོ་སྙིང་དེ་སྐབས་དེ་དུས་ཡིན་ལ་ཤིང་མཁན་ཚོས་བློ་རྩེ་གཅིག་སྒྲིམས་ངང་མ་བྱས་ན་ཤིང་ཆས་ཕྱི་དབྱིབས་ལེགས་པོ་ཐོན་པ་བཤད་ཅི་རྒྱུ་ཆའང་དོན་མེད་འཕྲོ་བརླག་གཏོང་སྲིད། ཤིང་མཁན་ཚོའི་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ཕྱི་དབྱིབས་ལེགས་པའི་ཤིང་ཆས་རེ་རེ་བཞིན་ང་ཚོའི་མིག་ལམ་དུ་མངོན། དེ་ནས་ཤིང་ཆས་དེ་དག་ལ་ཚོན་རྩི་གཏོང་དགོས།  དེང་སང་ས་ཆ་མང་ཤོས་ཀྱི་ཤིང་ཆས་ལ་བཏང་བའི་ཚོན་རྩི་ནི་ཐད་ཀ་ཚོང་ཁང་ནས་ཉོས་པའི་རྫས་འགྱུར་གྱི་ཚོན་འདྲ་མིན་ཡིན་ནའང་། ཀླུང་ནགས་ཀྱི་ད་རུང་སྔར་སྲོལ་རྒྱུད་འཛིན་ཏེ་ཞབས་གདན་ཞེས་པའི་ཤིང་ལས་བྱུང་བའི་རང་བྱུང་གི་ཚོན་བེད་སྤྱོད་བྱེད་ཀྱིན་ཡོད། རང་བྱུང་གི་ཚོན་རྩི་དེ་མི་ཡི་གཟུགས་ཁམས་ལ་གནོད་མེད་ཞིང་།ཇ་དང་ཟས་ཚ་མོ་བླུགས་ནའང་དྲི་ངན་ཕྱིར་དོད་རྒྱུ་མེད་པ་མ་ཟད།དུས་ཡུན་གང་ཚད་འགོར་ཡང་སྔར་གྱི་བཀྲག་མདངས་ཡལ་མི་སྲིད།

       གྲོང་པའི་ནང་གི་རྒན་པོ་འགའ་དང་ཁ་བརྡ་བྱས་པ་ལས་ཀླུང་ནགས་ཅེས་པའི་གྲོང་པ་འདི་རུ་ཤིང་ཕུར་སོགས་ཤིང་ཆས་བཟོ་བའི་ལོ་རྒྱུས་ནི་མི་རབས་བཅུ་ལྷག་ཟིན་ཡོད་ལ་ད་བར་དེ་མིན་ཡང་མི་ལོ་༧༠༠ནས༨༠༠བར་ཡོད་པ་ཤེས། བཅིངས་འགྲོལ་མ་བཏང་སྔོན་དུ་ཀླུང་ནགས་གི་ཤིང་མཁན་ཚོ་ལུང་པ་གཞན་དག་ཏུ་ཤིང་ཆས་བཟོ་འགྲོ་བའི་ཞོར་དུ་ལག་ཤེས་དེའང་ཕྱི་རུ་རིམ་གྱིས་ཁྱབ།བཅིངས་འགྲོལ་བཏང་རྗེས།སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་ཀླུང་ནགས་ཀྱི་ཤིང་མཁན་གྲགས་ཅན་སྔར་རྗེས་སུ་རོང་པ་དང་། རྒྱལ་ཐང་། འབའ་ལུང་། ཀོང་རྩེད་ར།བྲག་ཞབས།ཐང་སྟེང་སོགས་བདེ་ཆེན་ཁུལ་ནང་གི་ས་ཆ་མང་པོ་དང་། རྒྱང་ཐག་ཅུང་རིང་བའི་ཏ་ལི་དང་། ཧི་ཆིན། ཅན་ཁྲོན་སོགས་སུའང་གདན་དྲངས་ནས་ཤིང་ཆས་བཟོ་རྩལ་ཁྲིད་སྟོན་བྱས་ཅིང་ཤིང་ཆས་བཟོ་གྲྭའང་བཙུགས། གཞན་ཡང་ལུང་པ་མི་གཅིག་པའི་མི་ཀླུང་ནགས་སུ་ཤིང་ཆས་བཟོ་རྩལ་སྦྱོང་ཡོང་མཁན་ཡང་མི་ཉུང་བ་ཡོད།


        དེའང་དེང་སང་ཤིང་ཕུར་དང་སྤ་རུ་སོགས་བཟོ་དུས་འཕྲུལ་ཆ་ལ་བརྟེན་ནས་བསྐོར་གྱིན་ཡོད་ལ། དེ་སྔོན་ཤིང་ཆས་བསྐོར་བྱེད་ནི་དང་ཐོག་རྐང་འཁོར་ཡིན་པ་དང་རིམ་གྱིས་ཆུ་འཁོར་རུ་དར་འཕེལ་བཏང་ཞིང་ཉེ་བའི་ལོ་བཅུ་ཙམ་གྱི་རིང་གཞི་ནས་གློག་འཁོར་རུ་བསྒྱུར།

     གཏམ་གླེང་བྱེད་རིམ་དུ།  ཧོ་ཡུས་ཧྭ་ཚང་གི་མག་པ་ཉི་མས་ང་ཚོ་ལ་ཁོ་རང་གི་འཆར་འགོད་ཞིག་བཤད་པ་ནི། ཁོ་རང་གིས་ཤིང་ཆས་བཟོ་བསྐྲུན་བཤམས་སྟོན་ཁང་ཆུང་ཆུང་ཞིག་བཙུགས་ནས་ཀླུང་ནགས་ཀྱི་ཤིང་ཆས་བཟོ་བསྐྲུན་ལག་ཤེས་དང་ལག་ཆས་དེ་དག་སྔར་ལས་ལྷག་པར་མི་མང་པོར་ཤེས་སུ་འཇུག་རྒྱུ་ཡིན་པ་དང་། མེས་པོས་བཞག་པའི་ལག་རྩལ་ངོ་མཚར་དེ་རྒྱུད་འཛིན་ལེགས་པོ་བྱས་ནས་ཤིང་ཆས་ཀྱི་རིགས་སྔར་ལས་མང་བ་གསར་སྤེལ་བྱ་རྒྱུ་དེའོ། །