ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཉི་ཧོང་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-24   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་8ཚེས་20ཉིན་ནས་ཚེས་23ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་མངག་གཏོང་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཉི་ཧོང་ལ་འཚམས་འདྲི་བྱས་པ་རེད། ཚོགས་པ་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲུའུ་ཝེ་ཡིས་ཚོགས་གཙོའི་འགན་ཁུར་བ་དང་། ཚོགས་མི་ནི་པེ་ཅིང་དང་བོད་ལྗོངས་ནས་ཡིན་པའི་བོད་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་དང་། བོད་རིགས་ལས་བྱེད་པ། སྤྲུལ་སྐུ་སོགས་ལས་གྲུབ་པ་རེད།


    ཚེས་21ཉིན། སྤེལ་རེས་ཚོགས་པས་སྔོན་རྗེས་སུ་ཉི་ཧོང་གི་རྒྱལ་ཚོགས་ཀྱི་ཚོགས་མི་དང་ཉི་ཧོང་གི་སྨྱན་སྦྱོར་ལས་ཁུངས་གཙོ་བོ་10ཡི་གསར་འགོད་པ་ཚོ་དང་སྤེལ་རེས་བཞུགས་མོལ་བྱས་པ་རེད། སྤེལ་རེས་ཚོགས་པས་ཞིབ་ཅིང་ཕྲ་བའི་གཞི་གྲངས་རེ་རེ་དང་། གསོན་ཉམས་ལྡན་པའི་དཔེ་གཞི་དང་། གནའ་དེང་དང་། རྒྱལ་ཕྱི་རྒྱལ་ནང་ཤན་སྦྱར་སོགས་བྱེད་པའི་ཐབས་ལམ་སྤྱད་དེ་ཉི་ཧོང་ཕྱོགས་ཀྱི་མི་སྣ་རྣམས་ལ་ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད། སྐྱེ་ཁམས་སྲུང་སྐྱོང་། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་བྱས་ཤིང་། བཞུགས་མོལ་ཚོགས་རའི་གནས་ཚུལ་སྤྲོ་སེམས་འཕེལ་ཞིང་མཛའ་མཐུན་ཆེ་བས་ཁེངས་པ་རེད། ཉི་ཧོང་ཕྱོགས་ཀྱི་མི་སྣས་སྤེལ་རེས་ཚོགས་པས་ངོ་སྤྲོད་གནང་བར་ཉན་རྗེས་སུ། བོད་ལྗོངས་ལ་སྙིང་ཉེ་བའི་མྱོང་ཚོར་ཇེ་ཆེར་ཕྱིན་པ་མ་ཟད། བོད་ལྗོངས་ལ་རྒྱུས་མངའ་ཡང་སྔར་ལས་གཏིང་ཟབ་ཏུ་སོང་ཡོད་ཅིང་། གོ་སྐབས་བྱུང་ན་བོད་ལྗོངས་སུ་ལྟ་སྐོར་འགྲོ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།

    ཉི་ཧོང་ནི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཐེངས་འདི་ཡོ་རོབ་དང་ཡ་གླིང་དུ་སྐྱོད་པའི་མཐའ་མའི་ས་ཚིགས་ཡིན་ཞིང་། འདིའི་སྔོན་དུ་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་དང་ཨུ་རུ་སུར་འཚམས་འདྲི་བྱས་པ་རེད།