བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-24   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་8ཚེས་21ཉིན། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་དངོས་སུ་དབུ་བརྙེས་པ་རེད། ཀྲུང་གོའི་རྒྱུན་གནས་ཤུལ་བཞག་དཔེ་མཛོད་ནང་དུ་བོད་ཡིག་དཔེ་མཛོད་ཀྱི་རིགས་མང་བ་དང་། གྲངས་མཛོད་འབོར་ཧ་ཅང་ཆེ་ཞིང་། རགས་རྩིས་བྱས་པར་གཞིགས་ན། རྒྱལ་ཡོངས་སུ་བོད་ཡིག་དཔེ་རྙིང་ཉར་ཚགས་བྱས་འབོར་བམ་པོ་ཁྲི་200ཡས་མས་ཡོད་པ་རེད།

    ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་2015ལོ་ནས་བཟུང་ཆེད་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ནས་ཕྱོགས་སོ་སོའི་སྟོབས་ཤུགས་དང་མཐུན་སྦྱོར་བྱས་ཏེ་བོད་ཡིག་དཔེ་རྙིང་འཚོལ་སྡུད་ལེགས་སྒྲིག་ལས་དོན་སྤེལ་འགོ་ཚུགས་ཤིང་། པེ་ཅིང་དང་བོད་རང་སྐྱོང་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་བོད་ཁུལ་གྱི་བོད་ཡིག་དཔེ་རྙིང་གཅིག་བསྡུས་ཀྱིས་འཚོལ་སྡུད་བྱས་པ་རེད། ཁྱད་པར་དུ་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁའི་དཔེ་རྙིང་གི་དཀར་ཆག་ཁག་གཅིག་ལེགས་སྒྲིག་ཐོག་མ་བྱས་པ་དང་། དེའི་ཁྲོད་དུ་ཁ་ཤས་ནི་སྔ་ས་ནས་རྒྱུན་ཆད་ཟིན་པའི་བཀའ་བདམས་པ་དང་བཀའ་བརྒྱུད་པ། ཞི་བྱེད་པ་སོགས་ཀྱི་དུས་སྔ་མའི་དཔེ་རྙིང་དཔེ་རྒྱུན་དཀོན་རིགས་ཡིན་པའི་ངོས་འཛིན་བྱས་པ་རེད། དཀར་ཆག་དེ་དག་གི་ཁོངས་སུ་འདུས་པའི་ནང་དོན་ནི་མདོ་སྔགས་ལུགས་ཚུད་པའི་ཆོས་ལུགས་ཀྱི་དཔེ་རྙིང་དང་། དེ་བཞིན་ལོ་རྒྱུས་དང་རྣམ་ཐར། བརྡ་སྤྲོད། རྩོམ་རིག གསོ་རིག སྐར་རྩིས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་《བཀའ་བསྟན་འགྱུར་》ལྟ་བུ་ཚད་ལྡན་ཡིག་ཆའི་ནང་དོན་དུ་འདུས་མེད་པའི་ཡིག་རིགས་ཀྱང་ཡོད་པ་རེད།

     མིག་སྔར། བོད་ཡིག་དཔེ་རྙིང་བམ་པོ་ཁྲི་4ལྷག་འཚོལ་སྡུད་བྱས་ཡོད་ཅིང་། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པར་རྨང་གཞི་བརྟན་པོ་ཞིག་བཏིང་པ་རེད།