དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཧོང་ཀྲེན་ཧུང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

                2010ལོའི་ཟླ་1པོར་ཧོང་ཀྲེན་ཧུང་གིས་ལས་ཚབ་ཁུལ་དཔོན་གྱི་འགན་འཁུར་བ་རེད།ལོ་དེའི་ཟླ་3པར་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ལ་བདམས་ཐོན་བྱུང་བ།2015ལོའི་ཟླ་9པར་བདེ་ཆེན་ནས་ཞིང་ཆེན་དུ་ལས་གནས་སྤར་བ་རེད།

            ཧོང་ཀྲེན་ཧུང་གིས་ཁུལ་དཔོན་འགན་འཁུར་བའི་ལོ་6རིང་།ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་།རིག་གནས་ལ་བརྟེན་ནས་ཁུལ་དར་བ།ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ།འཆམ་མཐུན་ལ་བརྟེན་ནས་ཁུལ་སྐྱོང་བའི་འཕེལ་རྒྱས་ཐབས་ཇུས་བཅས་ལ་དམིགས་ནས།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཙོ་བརྟེན་ཐོན་ལས་གསོ་སྐྱོང་བྱེད་པ།དམངས་འཚོ་ལེགས་སུ་གཏོང་བ།སྤྱི་ཚོགས་བརྟན་པོར་གཏོང་བ།སྐྱེ་ཁམས་སྲུང་སྐྱོང་བྱེད་པ་སོགས་གལ་ཆེའི་ལས་ཀ་དམ་འཛིན་བྱས་ནས།ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དུ་གཏོང་བ།དམངས་འཚོ་རྒྱུན་མཐུད་ཀྱིས་ལེགས་སུ་གཏོང་བའི་གནས་ཚུལ་ལེགས་པོ་མངོན་འགྱུར་བྱུང་བ་རེད།

           2010ལོའི་ཟླ་1པོར་ཧོང་ཀྲེན་ཧུང་ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུར་ཞུགས་རྗེས།རང་ཁུལ་ནི་ཀྲུང་དབྱང་རིམ་པས་རོགས་སྐྱོར་བྱེད་དགོས་པའི་གལ་ཆེའི་རྣམ་གྲངས་ནང་འཆར་འགོད་བྱས་ཤིང་།2012ལོར།རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་ལོ་ལྔ་ཚན་བཅུ་གཉིས་པར་མཚོ་སྔོན་དང་སི་ཁྲོན་ཡུན་ནན་ཀན་སུའུ་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྣམ་གྲངས་འཛུགས་སྐྲུན་ཇུས་གཞིར་རོགས་སྐྱོར་བྱེད་པའི་བརྡ་ཁྱབ་འོག་རིམ་ལ་སྤྲད་དེ།ལོ་ལྔ་ཚན་བཅུ་ལྔ་པའི་སྐབས་སུ་ཡུན་ནན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྣམ་གྲངས་103གསལ་འབེབས་བྱས་པ།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་གལ་ཆེའི་རྣམ་གྲངས་སོགས་འཆར་འགོད་ནང་ཚུད་ཐུབ་པ་བྱུང་ཡོད།2014ལོའི་ལོ་སྨད་དུ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ལས་འགོ་བརྩམས་པ་རེད།

          ཕྱི་ཕྱོགས་ལ་མཐུད་པའི་མྱུར་བགྲོད་འགྲོ་ལམ་འཛུགས་སྐྲུན་བྱེད་པའི་དུས་མཚུངས་སུ།ནན་ཏན་གྱིས་སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་བར་དང་།འཇོལ་རྫོང་ནས་འབའ་ལུང་(མཐའ་ཆུ)བར་གྱི་རིམ་པ་གཉིས་པའི་གཞུང་ལམ་འཛུགས་སྐྲུན་བྱས་པ།ཁུལ་ཡོངས་ཀྱི་མཐའ་ཆུ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་བུ་ལས་གཞན།གཞི་རྩར་རྫོང་ཡོངས་སུ་རིམ་པ་གཉིས་པའི་གཞུང་ལམ་ཤར་གཏོང་ཐུབ་པ་མངོན་གྱུར་བྱུང་བ་དང་།རྒྱལ་ཡོངས་བོད་ཁུལ་གྱི་མདུན་གྲས་སུ་སླེབས་ཡོད།

          གྲོང་རྡལ་ཅན་དུ་སྐུལ་འདེད་གཏོང་བའི་ཐད།གཙོ་བོ་ནི་ཆུ་བོ་གསུམ་བདག་སྐྱོང་བྱེད་པའི་ལས་གྲྭ་ལ་སྐུལ་འདེད་བཏང་བ་དང་།ལོ་རེ་བཞིན་འཆར་འགོད་ནང་མི་གཏོགས་པའི་གྲོང་ཁྱེར་བགྲོད་ལམ་འཛུགས་སྐྲུན་རེ་ལ་སྐུལ་འདེད་བཏང་ཡོད།

          ཆུ་བེད་འཛུགས་སྐྲུན་གྱི་ཐད།གཙོ་བོ་ནི་ཡང་ཐང་ཆུ་མཛོད་ཀྱི་འཛུགས་སྐྲུན་དམ་འཛིན་བྱས་པ།2012ལོའི་ཟླ་3པར།ཡང་ཐང་ཆུ་མཛོད་དངོས་སུ་ལས་འགོ་བརྩམས་ནས་འཛུགས་སྐྲུན་བྱས་པ།2014ལོའི་ཟླ་8པར།བདེ་བླག་ངང་ཆུ་རགས་སུ་རྐ་སྒོ་བཀག་ནས་ཆུ་གསོག་ཡོད།

          ཡུལ་སྐོར་ཐོན་ལས་ཐད་དུ་སེམས་ཀྱི་ཉི་ཟླའི་སྤུས་རྟགས་སྟོབས་ཇེ་ཆེར་བཏང་ནས།བདེ་ཆེན་གྱི་ཡུལ་སྐོར་རིགས་སྒྱུར་མིང་སྤོར་ལ་སྐུལ་འདེད་བྱས་པ་དང་།5Aརིམ་པའི་ལྗོངས་ཁུལ་སྐྲུན་རྒྱུ་གཙོར་བཟུང་ནས།2013ལོར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་བདེ་བླག་ངང་5Aརིམ་པའི་ལྗོངས་ཁུལ་དུ་གསར་སྐྲུན་བྱས་པ་དང་།དགའ་ལྡན་སུམ་རྩེན་གླིང་ཡང་5Aརིམ་པའི་ལྗོངས་ཁུལ་གྱི་སྙན་ཞུ་དངོས་སུ་ལག་བསྟར་བྱེད་མཚམས་སུ་སླེབས་པ་རེད།

          སྐྱེ་དངོས་ཐོན་ལས་ཐད་དུ་བདེ་ཆེན་གྱི་ཁྱད་ལྡན་ཐོན་ཁུངས་རྒུན་འབྲུམ་དང་ནས།རྩྭ་སྨན་སོགས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་མང་པོ་ནང་འདྲེན་བྱས།2015ལོར་ཆང་དང་པོ་དེ་ཨོ་ཡུན་ཆང་ཐོན་སྐྱེད་བྱས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་ཐོབ་པ་དང། ཆང་དམ་རེའི་རིན་གོང་ཨ་སྒོར་300ཡིན་པ་རེད། 2013 ལོར་སེམས་ཀྱི་ཉི་ཟླའི་ཆིན་ཁོའུ་བཟོ་ལས་གླིང་ཁུལ་དུ་སེམས་ཀྱི་ཉི་ཟླའི་སྦི་རག་ཐོན་སྐྱེད་བྱས་པ་དང་།2014ལོར་སེམས་ཀྱི་ཉི་ཟླའི་སྤི་རག་སྤྱི་ཚོགས་སུ་འདོན་པ་མ་ཟད།2016ལོར་ཡོ་རོབ་ཀྱི་སྦི་རག་བཟང་ཤོས་ཞེས་པའི་འགྲན་བསྡུར་ཆེ་མོ་རུ་ཞུགས་ནས་དངུལ་གྱི་རྟགས་མ་ཐོབ་པ་རེད།

         ཆུ་གློག་ཐོན་ལས་ཐད་གཙང་པོ་གཉིས་ཀྱི་གཞུང་ཆུའི་ཆུ་བེད་གློག་ཁང་འཛུགས་སྐྲུནབྱེད་པར་སྐུལ་འདེད་བཏང་པ་དང་།2014ལོའི་ཟླ་11པར།རྫ་ཆུའི་ལིཏེ་གློག་འདོན་ཁང་གི་དུས་མཚམས་དང་པོའི་ལས་གྲྭ་ལེགས་གྲུབ་བྱུང་བ།2014ལོའི་ཟླ་12པར་འབྲི་ཆུའི་ཅང་ལེ་ཡོན་གློག་འདོན་ཁང་གི་འཕྲུལ་ཚན་དང་པོ་ནས་གློག་གཏོང་འགོ་ཚུགས་པ་རེད།

         གཏེར་ཁའི་ཐོན་ལས་ཐད་དུ་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བརྟན་བརླིང་ངང་སྐུལ་འདེད་བཏང་ཡོད་དེ།2014ལོའི་ཟླ་6པར་སྐད་ཚགས་ཤང་དུ་གནས་པའི་ཕུ་ལང་ཟངས་གཏེར་བདེ་བླག་ངང་འཛུགས་སྐྲུན་གྱི་འགོ་ཚུགས་པ་དང་2017ལོའི་ཟླ3པར་ཚོད་ལྟའི་སྤྱོད་འགོ་ཚུགས་པ་རེད།

          ཁུལ་དཔོན་གྱི་འགན་བཞེས་པའི་ལོ་ངོ་6གི་རིང་དུ།མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱབ་ནས།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་ཀྱིས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སོ་སོར་ནི་2010ལོའི་སྒོར་15996དང་།སྒོར་3347ནས་2015ལོའི་སྒོར་27097དང་སྒོར་6487ལ་འཕར་ཡོད་པ་དེ་སོ་སོར་ལོ་རེར་11.1% དང་14.2% འཕར་ཡོད་པ་རེད།

        ལོ་6གི་དུས་ཡུན་ནང་།ང་ཚོར་ཡང་གནོད་འཚེ་སྣ་ཚོགས་ལ་ཐུག་ཡོད་དེ།ལྷག་པར་དུ་2013ལོའི་“8·28”དང་“ 8·31”ས་ཡོམ་དང་།2014ལོའི་ཟླ1ཚེས11ཉིན་གྱི་རྡོ་མཁར་རྫོང་མེ་སྐྱོན་ལ་ཐུག 2014 ལོའི་རྒྱལ་ཡོངས་ཀྱི་“ཚོགས་འདུ་གཉིས་”རིང་།ཙུང་ལི་ལི་ཁེ་ཆང་ལ་རྡོ་མཁར་རྫོང་དུ་མེ་སྐྱོན་ཤོར་རྗེས་ཀྱི་སླར་གསོའི་བསྐྱར་སྐྲུན་ལས་དོན་དང་གནས་པའི་དཀའ་ངལ་སོགས་སྙན་སེང་ཞུས་པས།ཙུང་ལི་མཆོག་ནས་འདིའི་ཐད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་པ་རེད།

         ངས་བདེ་ཆེན་གྱི་ལས་དོན་ཁག་གི་འཕེལ་རྒྱས་ལ་སྔར་བཞིན་དོ་ཁུར་བྱེད་རྒྱུ་དང་།བདེ་ཆེན་གྱི་འཕེལ་རྒྱས་ལ་རང་ནུས་ཅི་ཡོད་འདོན་རྒྱུ་ཡིན།བདེ་ཆེན་གྱི་མ་འོངས་པ་དེ་བས་མཛེས་སྡུག་ལྡན་པ་དང་བདེ་ཆེན་མི་རིགས་ཁག་གི་མི་དམངས་སྔར་ལས་བདེ་སྐྱིད་ལྡན་པའི་བཀྲ་ཤིས་སྨོན་འདུན་ཞུ།