རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-09-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
—— མཚོ་སྔོན་གྱི་ཆེད་ལས་སྒྱུར་བཟོའི་དཔུང་ཁག་གིས་བོད་རིགས་མང་ཚོགས་ལ་དར་སོ་ཆེ་བའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་བལྟ་ཐུབ་པར་བྱས་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱི་མི་རིགས་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་སུ་ཧུར་ཐག་འབད་ཐག་བྱེད་མཁན་བོད་སྐད་སྒྱུར་བཟོའི་དཔུང་ཁག་ཅིག་ཡོད་ཅིང་། ཁོང་ཚོས་བོད་རིགས་ས་ཁུལ་ལ་ཕུན་སུམ་ཚོགས་པའི་བོད་སྐད་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་མཁོ་འདོན་བྱས་ཏེ་མིག་སྔར་དགའ་བསུ་ཆེ་ཤོས་ཐོབ་པའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་དུས་ཐོག་ཏུ་བོད་རིགས་མང་ཚོགས་ལ་བལྟ་རྒྱུ་ཡོང་བར་བྱས་ཡོད།
ཡུམ་པ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྒྱུར་བཟོའི་འཁྲབ་སྟོན་པ་ཞིག་ཡིན་པ་དང་མཚོ་སྔོན་མི་རིགས་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་ཀྱི་སྒྱུར་བཟོ་ཁོའོ་ཡི་ཁོའོ་ཀྲང་རེད། 1995ལོར་ཁོང་མཚོ་སྔོན་མི་རིགས་སློབ་ཆེན་བོད་ཡིག་རྩོམ་རིག་ཆེད་ལས་ནས་ཐོན་རྗེས་མཚོ་སྔོན་མི་རིགས་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་སུ་ཚུད་པ་དང་། ཁོང་གིས་རང་ཉིད་ནི“རྟ་རྒན་ལ་འགྲོས་སློབ་པ”ཞིག་ཡིན་པས་དེ་བས་འབད་བརྩོན་ལྡབ་བརྒྱ་བྱེད་དགོས་ཀྱི་འདུག་ཅེས་བཤད།
ཡུམ་པས“གློག་བརྙན་དང་བརྙན་འཕྲིན་སྒྱུར་བཟོ་བྱས་པ་ཙམ་མིན་པར་དེར་ཕུན་སུམ་ཚོགས་པའི་རྣམ་འགྱུར་དང་སྟངས་སྟབས་ལ་བརྟེན་ནས་སྒྲ་སྦྱོར་བྱེད་དགོས་ཀྱི་ཡོད”“བོད་སྐད་ཀྱི་ཡིག་སྐད་དང་ཁ་སྐད་དབར་ཧེ་བག་ཆེ་ཙམ་ཡོད་པ་དང་འཁྲབ་མཁན་གྱི་བརྗོད་ཚིག་ཡིག་སྒྱུར་བྱེད་པ་ཁོ་ནར་འབད་བརྩོན་ཆེན་པོ་བྱེད་དགོས་ཀྱི་ཡོད། སྐབས་རེ་ཡིག་སྒྱུར་གྱི་ནང་དོན་འགྲིག་ནའང་། སྐད་ཆའི་མང་ཉུང་དེ་མ་གཞུང་དང་གཅིག་མཚུངས་མིན་ཚེ་འགྲིག་གི་མེད”ཅེས་བཤད།
མིག་སྔར་རྒྱལ་ནང་དུ་བོད་སྐད་གློག་བརྙན་དང་བརྙན་འཕྲིན་སྒྱུར་བཟོའི་ཆེད་ལས་སློབ་གྲྭ་མེད་སྟབས། སྒྱུར་བཟོའི་འཁྲབ་སྟོན་པ་འཚར་ལོངས་ལ“རྙིང་པས་གསར་པ་འཁྲིད་དགོས་ཀྱི་ཡོད”ཡུམ་པས་སྒྲ་སྦྱོར་བ་རྒན་གྲས་ཀྱི་ལེགས་ཐོག་ལེགས་འཚོལ་གྱི་རྣམ་འགྱུར་གྱིས་རང་ཉིད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་ཞེས་བཤད།
1980ལོར་མཚོ་སྔོན་མི་རིགས་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་བཙུགས་པ་དང་། དེ་ནི་རྒྱལ་ཡོངས་སུ་འཛུགས་སྔ་ཤོས་ཀྱི་ཆེད་ལས་སྒྱུར་བཟོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡའི་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་གྱི་ཆེད་མངགས་སྒྲིག་གཞིའི་གྲས་ཤིག་ཡིན་ཞིང་། གཙོ་བོ་བོད་སྐད་དང་སོག་སྐད་སོགས་ཀྱི་གློག་བརྙན་དང་བརྙན་འཕྲིན་འཁྲབ་གཞུང་ཁག་སྒྱུར་བཟོའི་ལས་འགན་འཁུར་གྱི་ཡོད།
སྐབས་དེ་ནས་བཟུང་མཚོ་སྔོན་རྩྭ་ཐང་དུ་བོད་སྐད་ཤེས་པའི་སུན་ཝུའུ་ཁུང་དང་། ཀྲུའུ་ཀེ་ལེང་། ལེའང་ཧྲན་གྱི་དཔའ་རྟུལ་སོགས་ཕུལ་བྱུང་གི་གློག་བརྙན་དང་བརྙན་འཕྲིན་འཁྲབ་གཞུང་གི་མི་སྣའི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། རི་མཐོ་དང་འབྲོག་རར་བོད་རིགས་མང་ཚོགས་ཀྱིས་གློག་བརྙན་གྱི་ངོ་མཚར་ཆེ་བའི་རྣམ་པ་མྱོང་ཚོར་ཐུབ་ཡོད།
ལྟེ་གནས་དེ་བཙུགས་པའི་ཐོག་མར་སྒྱུར་བཟོ་བྱས་པའི་བརྩམས་ཆོས་དེ་དག་བརྙན་ཕབ་སྟོན་ས་དང་རྩྭ་ཐང་གི“རིག་གནས་སྐོར་སྐྱོད་རླངས་འཁོར”སོགས་ཐབས་ལམ་བརྒྱུད་བོད་རིགས་ས་ཁུལ་དུ་སྟོན་དགོས་ཀྱི་ཡོད།
“སྐབས་དེ་དུས་འབྲོག་ཁུལ་གྱི་མི་སེར་གྱིས་ངེད་ཚོ་མཐོང་མ་ཐག་གཉེན་ཉེ་ཐུག་པ་ལྟར་གྲང་ངར་ཇི་ཙམ་ཆེ་རུང་གློག་བརྙན་རུ་ཁག་སླེབས་པ་ཐོས་ཚེ་པགས་ཚགས་གྱོན་ནས་ཡོང་བ་དང་ཕྲུ་གུ་ཚོས་ངེད་ཚོའི་འདྲུད་འཐེན་འཕྲུལ་འཁོར་གྱི་རྗེས་སུ་ལེ་དབར་བཅུ་ལྷག་ཙམ་བརྒྱུགས་ནས་གློག་བརྙན་གང་དུ་སྟོན་པ་དེར་ཡོང་སྟེ་གློག་བརྙན་གཅིག་ཁོ་ན་ཐེངས་མང་ལྟ་གི་ཡོད”ཅེས་མཚོ་སྔོན་མི་རིགས་སྐད་ཀྱི་སྒྱུར་བཟོ་ལྟེ་གནས་ཀྱི་ཀྲུའུ་རེན་བཀྲ་ཤིས་ཀྱིས་བཤད།
ལྟེ་གནས་ཀྱི་ཐོག་མའི་དཔྱད་གཞི་ཁང་དུ་ལོ་30ལྷག་ཙམ་རིང་གི་སྒྱུར་བཟོ་བྱས་པའི་པར་གཞི་ཉར་ཚགས་བྱས་ཡོད། “གཟིགས་དང་། ལག་རྩལ་ཡར་རྒྱས་འགྲོ་བ་དང་སྦྲགས་སོ་ཕག་གི་ཆེ་ཆུང་ཙམ་གྱི་བརྙན་ཕབ་སྤྱིན་ཤོག་དེ་དག་ཚང་མ་གྲངས་འཛིན་འོད་སྡེར་དུ་གྱུར་ཡོད”ཅེས་བཀྲ་ཤིས་ཀྱིས་བཤད་པ་དང་དུས་རབས་གོང་མའི་ལོ་རབས་80པར་ལྟེ་གནས་དེས་ལོ་གཅིག་ལ་གློག་བརྙན་13ལས་སྒྱུར་བཟོ་བྱེད་ཐུབ་ཀྱི་མེད། ད་ཆ་ལོ་ལྟར་སྒྱུར་བཟོ་བྱེད་ཚད་ཆུ་ཚོད་1300ཟིན་པ་དེའི་ནང་གྲངས་འཛིན་གློག་བརྙན་གྱི་སྒྲུང་གཏམ་པར་གཞི་50དང་། དངོས་པར་གློག་བརྙན་10 བརྙན་འཕྲིན་འཁྲབ་གཞུང་དང་། ཆེད་དོན་པར་གཞི། རླུང་འཕྲིན་ལེ་ཚན་སོགས་ལེའུ་1600ཟིན་གྱི་ཡོད།
སྒྱུར་བཟོའི་མི་སྣ་ཉུང་བ་དང་ལས་འགན་ལྕི་བའི་རྐྱེན་གྱིས་སྒྲ་སྦྱོར་འཁྲབ་སྟོན་པ་མང་པོ་ཞིག་གིས་འཁྲབ་གཞུང་གཅིག་ལ་མི་སྣ་མང་པོའི་སྒྲ་སྦྱོར་བྱེད་དགོས་ཀྱི་ཡོད། རིན་ཆེན་མཚོས་འཁྲབ་གཞུང་གི་དྭ་ཕྲུག་ཁང་གི་ལོ་6ལ་སླེབས་པའི་ཕྲུ་གུ་དང་། ལོ་60ལྷག་ཙམ་གྱི་རྒན་རྒོན། ན་གཞོན་བུ་མོ་ཅ་ཅ་བཅས་མི་སྣ་གསུམ་གྱི་སྒྲ་སྦྱོར་བྱེད་དགོས་པས་ལོ་ཚད་དབར་ཧེ་བག་ཆེན་པོ་ཡོད།
རིན་ཆེན་མཚོས“ལྟད་མོའི་ནང་གི་མི་དེ་དག་གིས་བོད་སྐད་བརྒྱབ་ཚེ་བོད་རིགས་ལྟད་མོ་བར་སྙིང་ཉེ་བའི་ཚོར་སྣང་ཞིག་ཡོང་གི་ཡོད་པ་མ་ཟད། འཁྲབ་གཞུང་གི་བྱུང་རིམ་དང་ནང་དོན་དེ་བས་རྟོགས་བདེ་པོ་ཡོད་སྟབས་ཕ་ཡུལ་གྱི་མི་སེར་ཚོས་རང་ཉིད་ཀྱིས་རྒྱུས་མངའ་ཆེ་བའི་སྐད་ཆ་ཐོས་པས་ངར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”ཅེས་བཤད། །