རྩོམ་པ་པོ།   ཚེ།  ཡིག་བསྒྱུར།       དུས་ཚོད།   2017-09-18   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།
སྐབས་བཞི་བའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི་གཟེངས་བསྟོད་བྱ་བ་དེ་སྐབས་བཞི་བའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཇོ་མོ་གླང་མའི་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་དུ་ཞིབ་གྲོས་དང་འདེམས་ཤོག་འཕངས་ཏེ་བརྡས་ཐག་བཅད་ཅིང་། ཉེ་ལམ་དཔྱད་བསྡུར་གྱི་མཇུག་འབྲས་གསལ་བསྒྲགས་བྱས། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་སྒྲིག་སྒྱུར་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་འབུམ་རམས་པ་བློ་བཟང་བུ་ཁྲིད་ཀྱི་བོད་ཡིག་དཔྱད་རྩོམ《དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་བོད་ཡིག་ཤོག་དྲིལ་ལོ་རྒྱུས་ཡིག་ཚགས་རིང་གྲས〈ཆུ་ལུག་ཞིབ་གཞུང〉ཀྱི་ནང་དོན་དང་ཁྱད་ཆོས། རིན་ཐང》ཞེས་པར་བོད་ཡིག་དཔྱད་རྩོམ་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། རྒྱ་ཡིག་རིགས་ཀྱི་དཔྱད་རྩོམ《དགའ་ལྡན་ཕོ་བྲང་སྲིད་དབང་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལས་གཞུང་ཡིག་ལོ་ཙཱའི་གནད་དོན་སྐོར་ཞིབ་འཇུག》(དཔྱད་རྩོམ3)ཞེས་པར་རྒྱ་ཡིག་དཔྱད་རྩོམ་གྱི་བྱ་དགའ་ཨང་གཉིས་པ་བླངས།
རྒྱུས་ལོན་པ་ལྟར་ན། “ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི”བོད་ཡིག་དཔྱད་རྩོམ་བྱ་དགའ་ཨང་དང་པོ་ནི་འདིའི་སྔོན་མི་གཅིག་ལ་མ་གཏོགས་ཐོབ་མ་མྱོང་ཞིང་། སྐབས་དང་པོ་དང་སྐབས་གཉིས་པ་ཡོངས་སུ་སྟོང་བར་ལུས། འབུམ་རམས་པ་བློ་བཟང་བུ་ཁྲིད་ལ་ཐེངས་འདིར“ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི”བོད་ཡིག་དཔྱད་རྩོམ་གྱི་བྱ་དགའ་ཨང་དང་པོ་དང་། རྒྱ་ཡིག་དཔྱད་རྩོམ་གྱི་བྱ་དགའ་ཨང་གཉིས་པ་བཅས་བྱ་དགའ་རྣམ་གྲངས་གཉིས་ཐོབ་པས། ཁོ་རང་ཉིད་ཀྱི་གཟི་བརྗིད་ཡིན་པར་མ་ཟད་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་གཟི་བརྗིད་ཀྱང་རེད།
“ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི”ནི་ཀྲུང་དབྱང་སྲིད་གཞུང་གིས་དངོས་སུ་ཆོག་མཆན་གནང་སྟེ་བཙུགས་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་ཡིན་ལ། བྱ་དགའི་དཔང་ཡིག་སྟེང་ཁྲིམས་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་དཔེ་རིས་སྤྱོད་པ་དང་། དེའི་དམིགས་ཡུལ་ནི་སྤུས་ལེགས་འཐབ་ཇུས་ལག་བསྟར་དང་ཞིབ་འཇུག་གི་ཆུ་ཚད་མཐོར་འདེགས་སུ་གཏོང་ཞིང་། ཀྲུང་གོའི་བོད་རིག་པའི་ལས་དོན་སྔར་ལས་འཕེལ་རྒྱས་དང་ཕུན་ཚོགས་སུ་གཏོང་བ་དེ་ཡིན། བྱ་དགའ་འདི་ནི2005ལོར་བཙུགས་ཤིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་སྟེ་ལོ4ཡི་ནང་ཐེངས་རེར་སྤེལ་བ་ཡིན།
ཐེངས་འདིར་བསྡོམས་པས་དཔྱད་འདེམ་ནང་ཞུགས་པའི་རྣམ་གྲངས57ལ་སྐབས་བཞི་བའི“ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི”རྣམ་གྲངས་སྣ་ཚོགས་ཐོབ་ཡོད་དེ། རྒྱ་ཡིག་ཞིབ་འཇུག་ཆེད་རྩོམ་སྐོར་གྱི་རྣམ་གྲངས11དང་། བོད་ཡིག་ཞིབ་འཇུག་ཆེད་རྩོམསྐོར་གྱི་རྣམ་གྲངས10། རྒྱ་རིག་རིགས་གཞུང་དཔྱད་རྩོམ་སྐོར་གྱི་རྣམ་གྲངས12། བོད་ཡིག་རིགས་གཞུང་སྐོར་གྱི་རྣམ་གྲངས12། དབྱིན་ཡིག་ཞིབ་འཇུག་གྲུབ་འབྲས་སྐོར་གྱི་རྣམ་གྲངས3། རྨང་གཞིའི་ཡིག་ཆའི་གྲུབ་འབྲས་སྐོར་གྱི་རྣམ་གྲངས5། ན་གཞོན་ཕུལ་བྱུང་གྲུབ་འབྲས་སྐོར་གྱི་རྣམ་གྲངས4བཅས་འདུས།