རྩོམ་པ་པོ།   པདྨ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སའི་གོ་ལ་ཐོག་ལ་མིའི་རིགས་བྱུང་བ་ནས་བཟུང་། ཐོན་མོང་གི་ངལ་རྩོལ་བྱེད་པའི་བྱ་རིམ་ཐོག་ལ་ཕན་ཚུན་མཐུན་འབྲེལ་བྱེད་པའི་ཆེད་དུ་སྐད་ཆ་གསར་དུ་བྱུང་པས་མ་ཚད། ད་དུང་སྤྱི་མཚན་དུ་གྱུར་པའི་བསམ་གཞིགས་ཆགས་པ་དང་།མི་རྣམས་ཀྱིས་ཕར་ཚུར་བསམ་ཚུལ་བཤད་རེས་རབ་དུ་རྒྱ་ཁྱབ་གྱི་ཆེད་དུ་རྣམ་པ་མི་འདྲ་པའི་མཚོན་ཐབས་མང་པོ་གསར་གཏོད་བྱེད་པ་སྟེ། དེའི་ནང་ལ་གཞས་མོ་ནི་གལ་ཆེ་བའི་གྲས་ཞིག་ཡིན་ལ། ཡང་ནི་སྐད་ཆའི་སྐྱེ་ལྡན་པའི་གྲུབ་ཆ་ཞིག་རེད། གཞས་མོ་ནི་བརྩེ་དུང་མཚོན་པ་དང་། སྐད་ཆ་ཐུང་པ། སྟབས་བདེ་བབ་ཆགས་སོགས་ལ་གཙོས་པ། ཐུན་མོང་མ་ཡིན་པའི་ངག་རྒྱུན་རྩོམ་རིག་གི་རྩོམ་སྟབས་ཞིག་རེད་དེ། འབྲི་ཚུལ་ནི་སྐད་ཆ་ཉུང་བ་དང་།སྟབས་བདེ་བབ་ཆགས་པ་བསམ་པའི་བཀོད་ཤུགས་ཕུན་སུམ་ཚོགས་པ། མཛེས་ཞིང་ཡིད་དུ་འོང་བའི་བསམ་ཡུལ། སྙན་ཞིང་འཇེབས་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་། གདངས་མཚམས་མཉམ་འབྲེལ་བྱེད་པ་སོགས་ལ་བརྒྱུད་ནས་གཞོན་ནུ་ཕོ་མོ་གཉིས་ཀྱི་བརྩེ་དུང་འཚོ་བ་དང་། འདོད་པའི་རེ་བ་སོགས་དངོས་སུ་མཚོན་པ་དང་། བརྩེ་དུང་མཚོན་པ་གལ་ཆེ་བས་མཚན་ཉིད་རིག་པའི་དགོང་པ་གལ་ཆེ་བ་མིན་པ། བོད་རིགས་དམངས་ཁྲོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཆ་ཤས་ཅིག་ཡིན་པ། བོད་རིགས་ཀྱི་སྤྱི་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་མཚོན་པའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟབས་རེད། དེ་ནང་གི་ཚིག་ཡང་ཆེ་བ་ནི་བརྩེ་དུང་གི་ནང་དོན་ཡིན་པ། དེར་བརྟན་བོད་རིགས་མི་རྣམས་ཀྱི་གླུ་དེ་ལ་མིང་གཞས་ཞེས་བྱ་བ་བཏགས་པ། ཕལ་ཆེ་ཤོ་ལོ་ཀ་རེར་ཚིག་རྐང་བཞི་བ་དང་། རྐང་བ་རེར་ཚིག་འབྲུ་དྲུག་བཞག་བའི་སྲོལ་ཡོད་པ་རེད། རྒྱལ་ཐང་ས་ཁུལ་དུ་གཞས་འདི་ཚོ་ལ་གཞས་མོ་ཡང་འབོད་སྲོལ་ཡོད་པ་དང་།རྒྱལ་ཐང་བོད་ཀྱི་གཞས་མོ་ཡང་བོད་རིགས་དམངས་ཁྲོད་རྩོམ་རིག་གི་ཕྱོགས་ཁག་ཞིག་རེད།ངལ་རྩོལ་མི་དམངས་ཀྱིས་དམངས་ཁྲོད་དུ་གསར་རྩོམ་བྱས་ནས་སྒྱུ་རྩལ་གྱི་འབྲི་ལུགས་སྣ་མིན་སྣ་ཚོགས་སྤྱོད་པ། འདི་ནི་ངས་གཙོ་བོར་སྙན་ངག་ཚིག་རྒྱུན་རིག་པའི་ནང་གི་དོན་རྒྱན་སྤྱོད་ལུགས་ཀྱི་འབྲི་ཚུལ་ཐོག་ནས་རྒྱལ་ཐང་བོད་ཀྱི་གཞས་མོའི་རྩོམ་འབྲི་སྒྱུ་རྩལ་རགས་ཙམ་བཤད་རྒྱུ་ཡིན།
སྤྱིར་སྙན་ངག་སྟེ་ཚིག་རྒྱན་རིག་པ་ཞེས་པ། གཞས་མོ་ནི་སྙན་ངག་གི་མེད་དུ་མི་རུང་བའི་དང་ཐོག་གི་རྒྱུ་ཆ་ཡན་ལག་ཞིག་ཡིན་པས་རྒྱལ་ཐང་བོད་ཀྱི་གཞས་མོ་ཀྱང་གཞན་ནས་བཤད་མི་རུང་པའི་གཞས་མོ་གདོང་མ་ཞིག་རེད། དེའི་ཐོག་ལ་ཚིག་རྒྱན་རིག་པའི་ནང་གི་དོན་རྒྱན་འབྲི་ཚུལ་ཕན་སུམ་ཚོགས་པ་དང་།ཞབས་ལ་ཚིག་རྒྱན་རིག་པའི་ནང་གི་དོན་རྒྱན་ཐོག་ལ་དྲངས་ཚུལ་ཙམ་བཤད་པ་ལས།
དང་པོ། རང་བཞིན་བརྗོད་པའི་རྒྱན།
རང་བཞིན་བརྗོད་པའི་རྒྱན་ནི། ཚིག་སྦྱོར་གང་གི་བརྗོད་བྱ་དེའི་རང་བཞིན་ནས་ཕྱི་རོལ་ཡུལ་གྱི་གྲུབ་ལུགས་དེ་ཉིད་མིན་པ་ལ་ཡིན་པ་དང་མེད་པ་ལ་ཡོད་པར་སྒྲོ་མ་བཏགས་པ་དང་། ཡིན་པ་ལ་མིན་པ་དང་། ཡོད་པ་ལ་མེད་པར་སྐུར་མ་ད་ལྟ་བ་པར། རང་བཞིན་དེ་དྲང་བོར་དངོས་སུ་བརྗོད་པའི་རྒྱན་ཞིག་ལ་ཟེར། རྩོམ་ལུགས་འདི་ལ་རིགས་དང་། བྱ་བ། ཡོན་ཏན། རྫས་བརྗོད་པ་བཞི་ལས། རྒྱལ་ཐང་བོད་ཀྱི་གཞས་མོ་ནང་ལ་རྩོམ་ལུགས་འདིའི་སྒོ་ནས་དྲངས་ཡོད།
(ཀ)རིགས་རང་བཞིན་བརྗོད་པ།
འདི་རིགས་ནི་རིགས་སྤྱི་སྟེ་དངོས་པོ་རིགས་གཅིག་གི་སྤྱི་དེ་བཟུང་ནས། དེ་དང་དེའི་ཁྱད་པར་བཅས་ལ་སྒྲོ་སྐུར་མི་བྱེད་པར་རང་བཞིན་དེ་དྲང་པོ་དངོས་སུ་བརྗོད་པས་དེའི་འོག་གི་རིགས་ཅན་མཐའ་དག་གོ་ནུས་པ་ཞིག་ཡིན་ཏེ། རྒྱལ་ཐང་བོད་ཀྱི་གཞས་མོ་ཡང་དེར་དྲངས་ཡོད་པ་ནི།
ལམ་གཅིག་རྒྱ་ལམ་ནང་ལ།།
ཁམ་བུའི་ཤིང་སྡོང་འཁྲུངས་བྱུང་།།
མེ་ཏོག་མིག་ལ་མཛེས་ལ་བྱུང་།།
ཁམ་བུ་ཁ་ལ་ཞིམ་བྱུང་།།
འདིར་རིགས་སྤྱི་ཁམ་བུའི་ཤིང་སྡོང་འདི་ནི་མེ་ཏོག་དང་། ཁམ་བུའི་རང་བཞིན་ཅན་དུ་སྒྲོ་སྐུར་མ་བཏགས་པར། དྲང་པོར་དངོས་སུ་བརྗོད་པ། དེའི་རིགས་ཅན་མཐའ་དག་གི་ཁྱད་ཆོས་ནུས་པ། འདིར་ཡིན་དུ་འོང་པའི་དགའ་རོགས་ཞིག་གི་གཟུགས་དབྱིབས་དང་། བསམ་པ། བྱ་སྦྱོད་སོགས་ཁམ་བུའི་ཤིང་སྡོང་དང་། མེ་ཏོག་ཁམ་བུའི་དཔེ་ལ་བཀོད་པ། རང་ཡིད་དུ་རུང་པའི་དགའ་རོགས་ཀྱི་ཕྱི་ནང་གི་ཁྱད་ཆོས་མཚོན་པ་སོགས་ཀྱི་སྒོ་ནས་རིགས་རང་བཞིན་བརྗོད་པར་དྲངས་ཚུལ་མང་ཙམ་ཡོད།
(ཁ) བྱ་བ་རང་བཞིན་བརྗོད་པ།
འདིའི་བྱ་བ་ནི་རང་བཞིན་གྱིས་བྱས་པའམ་རྩོལ་པས་བྱས་པ་གང་ཡང་རུང་སྟེ། བྱེད་པ་དང་། ཡུལ་དང་། བྱ་བ་རྣམས་དང་འབྲེལ་ཞིང་གཙོ་བོ་བྱ་བའི་རང་བཞིན་དྲང་པོར་བརྗོད་པའི་དོན་ཅན་ཏེ། རྒྱལ་ཐང་བོད་ཀྱི་གཞས་མོ་ལ་ཡང་དེའི་བརྒྱན་པ་ནི།
བསམ་པ་མི་ཞུགས་སྐབས་ལ།།
སེམས་མེད་གཡུགས་ཐོན་ལྡང་ཡིས།།
ཆེ་ཐོན་བསམ་པ་ཞུགས་རན།།
མ་རིགས་ཆེ་ལུགས་བསམ་བྱུང་།།
འདི་ལ་མི་ཞུགས་པ་དང་། གཡུགས་ཐོན་ལྡང་། ཞུགས་སོགས་བྱ་བ་འགའ་རེ་དངོས་སུ་དྲང་བརྗོད་པ་སྟེ། གཞོན་ནུ་ཞིག་ལོ་ཆུང་ན་བསམ་པ་མི་ཞུགས་ན་གང་ལ་གཡུགས་ཐོན་ལྡང་པས་སེམས་ལ་འགྱོད་པ་སྐྱེ་བར་བཀོད་པའི་བྱ་བ་རང་བཞིན་བརྗོད་པར་བའང་ཡོད།
(ག)ཡོན་ཏན་རང་བཞིན་བརྗོད་པ།
འདིའི་ཡོན་ཏན་ནི་དངོས་སུ་གང་གི་ཁྱད་པར་ཏེ། དར་དམར་པོ། ཡུ་བ་རིང་བ། སྐར་མ་ལེགས་པོ། རྒྱལ་དར་མཐོན་པོ་ཟེར་བ་ལྟ་བུའི་དངོས་པོ་རྣམས་ཀྱི་ཡོན་ཏན་གྱི་རང་བཞིན་དེ་དྲང་པོར་དངོས་སུ་བརྗོད་པ་ཞིག་སྟེ། དེ་བཞིན་དུ་རྒྱལ་ཐང་བོད་ཀྱི་གཞས་མོ་ལ་བརྒྱན་པ་ནི།
ས་ཅིག་གོས་ཆེན་ཐང་ལ།།
གོས་ཆེན་ཁ་གང་ལོན་བྱུང་།།
གོས་ཆེན་ཆུང་སྣང་མ་བསམ། །
བཀྲ་ཤིས་རྟགས་བརྒྱད་ཚང་ཡོད།།
འདིར་ས་ཅིག་གོས་ཆེན་ཐང་ལ་གོས་ཆེན་ཁ་གང་ལོན་པས་གོས་ཆེན་དེའི་ཡོན་ཏན་ནམ་ཁྱད་པར་ལ། སྤྱོད་ཕྱོགས་སོ་སོའི་ཐད་དགེ་མཚན་བཀྲ་ཤིས་རྟགས་བརྒྱད་འཛོམས་ཡོད་པའི་རང་བཞིན་དྲང་པོར་བརྗོད་པ། རང་གི་དགའ་རོགས་ནི་སྤྱོད་བཟང་ལྡན་པའི་གཞོན་ནུ་མོ་ཞིག་ཡིན་པར་བཀོད་པ།
(ང)རྫས་རང་བཞིན་བརྗོད་པ།
རྫས་ནི་ཅ་ལག་གམ་དངོས་རྫས་ཞིག་ལ་འདོད་དེ། དེ་ནི་གཞི་དེ་ལ་ཡོད་པའམ་ལྡན་པའི་རང་བཞིན་དང་དོན་དངོས་སུ་བརྗོད་པའི་དོན་ཅན་ཏེ། དེ་ལྟར་བརྒྱད་ཚུལ་ནི།
ཁམ་བུ་ཕྱི་ལ་མཛེས་བྱུང་།།
སྟར་ག་ནང་ལ་ཞིང་བྱུང་།།
ཤིང་ཏོག་ཨ་མྲའི་འབྲས་བུ།།
རྒྱབ་ནང་མེད་པ་ཞིམ་བྱུང་། །
འདི་ལ་རྫས་ཁམ་བུ་དང་། སྟར་ག ཤིང་ཏོག་ཨ་མྲའི་འབྲས་བུ་རྣམས་ལྡན་པའི་རང་བཞིན་དྲང་པོར་དངོས་སུ་བརྗོད་པ་སྟེ། ཆུང་འདྲིས་རྣམས་ཀྱི་གཤིས་བརྒྱུད་མི་འདྲ་བ་མཚོན་བ།
(ཅ) བྱ་བ་དང་རྫས་གཉིས་རང་བཞིན་མཉམ་འདྲེས་བརྗོད་བ།
འདི་ལ་བྱ་བ་དང་རྫས་གཉིས་རང་བཞིན་ཤོ་ལོ་ཀ་གཅིག་གི་ནང་ལ་མཉམ་འདྲེས་བྱས་ནས་དྲང་བོར་བརྗོད་པ་ནི།
དཀར་ཡོལ་ཆག་ན་དཀར་དཀར།།
འོ་མ་བོར་ན་དཀར་དཀར།།
མི་ཤི་བསམ་པ་དཀར་དཀར།།
ཤི་ན་རུས་པ་དཀར་དཀར།།
འདི་ལ་ཆག་པ་དང་། བོར་བ། མ་ཤི་བ། ཤི་བ་བཅས་ཀྱི་བྱ་བ་འགའ་རེ་དངོས་སུ་དྲང་པོར་བརྗོད་པ་དང་རྫས་དཀར་ཡོལ་དང་། འོ་མ། རུས་པ་རྣམས་ལྡན་པའི་རང་བཞིན་དྲང་བོར་དངོས་སུ་བརྗོད་པ་སྟེ། བྱ་བ་དང་རྫས་གཉིས་ཀྱི་རང་བཞིན་འདྲེས་སྦྱོར་ནས་ཆུང་འདྲེས་ཀྱི་བསམ་པ་ཡང་དག་པའི་ངང་ནས་ཕན་ཚུན་མི་བྲལ་བར་ཚེ་གཅིག་ལ་མཉམ་མཐུན་ཡོད་པའི་མནའ་སྐྱེལ་བ་དེ་དྲང་བོར་དངོས་སུ་བརྗོད་པ།
གཉིས་པ། དཔེ་རྒྱན།
ཚིག་རྒྱན་རིག་པའི་ནང་ལ་དཔེ་རྒྱན་ནི་སྦྱོར་ཚུལ་གཙོ་བོ་ཞིག་རེད་དེ། མི་རྣམས་ཀྱིས་ངག་གིས་ཇི་བཞིན་བརྗོད་མི་ཐུབ་པ་དེ་གསོན་ཉམས་ལྡན་པར་མངོན་པའི་ཕྱིར། དཔེ་རྒྱན་གྱི་ཐོག་ལ་བཀོད་དགོས་པ། དཔེ་རྒྱན་ནི་མཚོན་བྱེད་དཔེའི་ཁྱད་ཆོས་ཇི་ལྟར་ཡོད་པ་སྟེ། ཅི་ཞིག་ལྟར་མཚོན་བྱ་དོན་སྡེ་དུ་མཚུངས་པར་གནས་པ་དངོས་སུ་སྟོན་པ་ཞིག་ཏེ། དཔེ་རྒྱན་ནི་མཛེས་མ་གཟུགས་ཐོག་གི་མཛེས་གསོ་དང་མཛེས་རྒྱན་ལྟ་བུ་ཞིག་རེད། དཔེ་རྒྱན་གྱི་རྣམ་འགྱུར་སྣ་ཚོགས་ཡོད་པ། དབྱེ་བ་མང་པོ་ཕྱེ་ཆོག་ཀྱང་། འོག་དུ་རྒྱལ་ཐང་བོད་ཀྱི་གཞས་མོ་ ནང་དཔེ་རྒྱན་གྱི་སྦྱོ་ཚུལ་ཁ་ཤས་བཤད་པ་ཡིན་ཏེ།
(ཀ)དཔེ་དོན་གྱི་དངོས་པོ་ཙམ་གྱི་དཔེ་བརྒྱན་པ།
འདི་ནི་བརྗོད་བྱ་དེའི་དཔེ་དོན་གྱི་དངོས་པོ་ཙམ་བཀོད་ཅིང་། མཚུངས་ཆོས་ཤུགས་ལ་བསྟན་ནས་མཚུངས་པ་གསལ་བྱེད་དང་སྦྱར་བ་ཞིག་སྟེ། དཔེར་ན།
ཕར་ཁ་འཇའ་ཞིག་ཤར་དུས།།
ཨ་མཐུན་སྐུ་ལུས་འདྲ་བྱུང་།།
འཇའ་སོ་ཆབ་ལ་གཏད་རན།།
བྱོན་གྱི་རྡོག་སོ་འདྲ་བྱུང་།།
འདིར་ཁྱད་གཞི་ཆུང་འདྲིས་དང་། ཁྱད་ཆོས་སྐུ་ལུས་དང་། རྡོག་སོ་རྣམས་དཔེ་འཇའ། འཇའ་སོ་དང་སྦྱར་ཏེ། མཚུངས་པ་གསལ་བྱེད་འདྲ་རྣམས་ཀྱིས་གསལ་བར་བྱས་ནས་མཚུངས་ཆོས་ཤུགས་ལ་བསྟན་པ་སྟེ། ཆུང་འདྲིས་ཀྱི་སྐུ་ལུས་ཡིད་དུ་མཛེས་ཤིང་། རྡོག་སོ་མགྱོགས་ཞིང་མང་བར་ཤུགས་ལ་སྟོན་པ།
(ཁ)རྨད་བྱུང་དཔེའི་བརྒྱན་པ།
འདི་ན་དཔེ་ཅན་དེ་ཆེས་རྨད་དུ་བྱུང་པས། དེ་མཚོན་བྱེད་ཀྱི་དཔེ་ལ་དངོས་པོ་སྣ་གཅིག་བཀོད་རྒྱུ་མ་རྙེད་པར། དེ་ལ་ཁ་སྣོན་བཏབ་སྟེ་དེ་འདྲ་བྱུང་ན་མཚོན་ཐུབ་པ་ཡིན་ཅེས་པའི་མཉམ་ཅན་ཏེ། དཔེར་ན།
ལུང་པ་ཆུ་ཡིས་གང་བྱུང་།།
གངས་ཆུ་འདྲ་ཞིག་མི་འདུག།
རྒྱ་གྲོང་མི་ཡིས་གང་བྱུང་།།
དགའ་རོགས་འདྲ་ཞིག་མི་འདུག།
འདིར་དཔེ་ཅན་དགའ་རོགས་བཟང་ཤོས་ཅན་ལ། དཔེ་གངས་ཆུ་དེ་གཉིས་མཚུངས་ཞེས། དཔེ་ཅན་ཆེས་རྨད་དུ་བྱུང་བར་སྟོན་པ། རང་དགའ་པའི་ཆུང་འདྲིས་ཨ་མཐུན་ནི་རང་ཡུལ་ལུང་པའི་ནང་གི་ཡག་ཤོས་ཅན་ཡིན་པ།
(ག)མང་བའི་དཔེའི་བརྒྱན་པ།
འདི་ནི་དཔེ་ཅན་གཅིག་ལ། དཔེ་མང་པོ་ཞིག་བཀོད་ནས་དེ་དག་རིམ་པ་ལྟར་དཔེ་ཅན་དང་མཚུངས་པར་སྟོན་པའི་རྒྱན་ཏེ། དཔེར་ན།
དཀར་ཡོལ་ཆག་ན་དཀར་དཀར།།
འོ་མ་བར་ན་དཀར་དཀར།།
མི་ཤི་བསམ་པ་དཀར་དཀར།།
ཤི་ན་རུས་པ་དཀར་དཀར།།
འདི་ནི་དཔེ་ཅན་བསམ་པ་དཀར་དཀར་དེ་ལ། དཔེ་མང་པོ་སྟེ་དཀར་ཡོལ་དང་། འོ་མ་དང་། རུས་པ་རྣམས་བཀོད་ནས་དེ་དག་ཡང་དག་པའི་བསམ་པ་དང་མཚུངས་པ་སྟེང་དགའ་བའི་ཆུང་འདྲིས་བསམ་པ་བཟང་ཞིང་།ཆེའི་ལས་རོགས་བྱེད་ཆོག་པས་དམ་བཅའ་བྱེད་པ་དང་མཚོན་པ།
(ང)ངོ་བསྟོད་ཀྱི་དཔེའི་བརྒྱན་པ།
འདི་ནི་དཔེ་ལ་དཔེ་ཅན་ལས་ལྷག་པའི་ཁྱད་པར་བཀོད་ནས། དེ་ལྟ་ན་ཡང་དཔེ་དེ་དཔེ་ཅན་དང་མཚུངས་པ་ལས་ཁྱད་པར་འཕགས་པ་མིན་ཞེས་དཔེ་ཅན་ལ་ངོ་བསྟོད་བྱས་པ་ལྟ་བུའི་མཉམ་ཅན་ཏེ། དཔེར་ན།
ཞིམ་པོ་རྒྱ་ཇའི་ཁུ་བ།།
གང་ནས་དཔག་ན་ཞིམ་བྱུང་།།
ང་རང་སེམས་པའི་བྱམས་པ།།
གང་ནས་བལྟས་ཀྱང་མཛེས་བྱུང་།།
འདིར་དཔེ་རྒྱ་ཇ་ཁུ་བ་དང་། དཔེ་ཅན་ཆུང་འདྲེས་བྱམས་པ་གཉིས་དང་། དཔེ་རྒྱ་ཇ་ཁུ་བ་ཞིམ་པོ་དང་། དཔེ་ཅན་ཆུང་འདྲིས་བྱམས་པ་མཛེས་མོ་གཉིས་འདྲ་མཚུངས་ལས། དཔེ་དེ་ཁྱད་པར་ལྷག་པ་མེད་ཅེས་མཛེས་པའི་ཉམས་སྟོན་པ་དེ་ནི་དཔེ་ཅན་ཆུང་འདྲིས་བྱམས་པ་ལ་ངོ་བསྟོད་བྱེད་པ།
(ཅ)ཕན་ཚུན་སྡུར་བའི་དཔེའི་བརྒྱན་པ།
འདི་ན་སྡུར་པ་ནི་སྔ་མ་ཚིགས་རྐང་གཉིས་ནི་དཔེ་ལ་བཀོད་ནས་ཕྱི་མ་ཚིགས་རྐང་གཉིས་ནི་རྐང་གཉིས་ནི་དཔེ་ཅན་དུ་བྱས་ནས་སྟོན་བའམ་སྔ་མ་ཚིགས་རྐང་གཉིས་ནི་དཔེ་ཅན་བྱེད་པ་དང་། ཕྱི་མ་ཚིགས་རྐང་གཉིས་ནི་དཔེ་ལ་བཀོད་པ་དང་། དཔེ་ལ་ལར་མཚུངས་པ་གསལ་བྱེད་སྦྱར་བའམ་དཔེ་ལ་ལར་མཚུངས་པ་གསལ་བྱེད་མ་སྦྱར་པ། ཕྱི་སྔ་ཕན་ཚུན་སྡུར་པའི་རྒྱན་ཞིག་ཏེ། དཔེར་ན།
མདའ་མོ་སྤང་ལ་ཟུག་ན།།
མ་ལོན་བར་ལ་བཙལ་དགོས།།
དགའ་རོགས་མི་ཡུལ་འགྲོ་ན།།
མ་ལོན་བར་ལ་སྒུག་དགོས།།
འདིར་མདའ་མོ་སྤང་ལ་ཟུག་ན་མ་ལོན་བར་ལ་བྱ་དགོས་དེ་དཔེ་ལ་བཀོད་པ་དང་། དགའ་རོགས་མི་ཡུལ་འགྲོ་ན་མ་ལོན་བར་ལ་སྒུག་དགོས་དེ་དཔེ་ཅན་དུ་བྱས་ནས་མཚུངས་བྱེད་ན་མ་སྦྱར་པ། ཕྱི་སྔ་ཕན་ཚུན་སྡུར་བར་སྟོན་པ་སྟེ། དགའ་རོགས་གཉིས་ཀ་ཕན་ཚུན་སེམས་སྟེང་དཀྱིལ་ལ་བཞག་དགོས་པ། ཨ་གསར་ཚ་མོ་བྱེད་མི་རུང་སྟོན་པ།
(ཆ)མཐའ་དག་པའི་དཔེའམ་གཡར་དཔེར་སྦྱར་བ།
འདི་ནི་ཚིགས་བཅད་བཞི་ཀ་ཚང་དུ་དངོས་པོ་དཔེ་ལ་བཀོད་པ་དང་། དཔེ་ཅན་དྲང་པོར་མ་ཐོན་པར་ཤུགས་སུ་བསྟན་ནས་མཚུངས་པ་གསར་བྱེད་དང་མ་སྦྱར་བའི་རྒྱན་ཞིག་སྟེ། དཔེར་ན།
ཁང་རྒྱབ་ལྕང་ཕུང་མགོ་ལ།།
ནེ་ཙོ་ཆ་གཅིག་བབས་བྱུང་།།
ཁྲ་རྒོད་ངན་པ་ཞིག་གིས།།
ནེ་ཙོ་ཁ་ཁ་ཕྱེ་བྱུང་།།
འདིར་ནེ་ཙོ་ཆ་གཅིག་དང་ཁྲ་རྒོད་ངན་པ་གཉིས་དཔེ་ལ་བཀོད་ནས། དཔེ་ཅན་ནི་ཚིགས་བཅད་ནང་ལ་དྲང་པོར་མ་ཐོན་པར་ཤུགས་སུ་སྟོན་ཏེ། ཕན་ཚུན་ཧ་ཅང་དགའ་པའི་གཞོན་ནུ་ཕོ་མོ་གཉིས་ཀ་དེ་ཁྲ་རྒོད་ལྟ་བུའི་མི་ངན་གཞན་ཞིག་གི་ཁོ་གཉིས་ཀ་ལ་རྩུབ་མོས་ཁ་ཕྱེ་བ། འདིར་དཔེ་ཅན་ནི་གཏན་ནས་མ་སྟོན་པ་དང་། དཔེ་ནི་དྲང་བོར་བརྗོད་ནས་དཔེ་ཅན་གྱི་ཚབ་བྱེད་པ། མཚུངས་པ་གསར་བྱེད་མེད་པ། དེར་བརྟེན་ན་གཡར་དཔེའང་ཟེར་བ་ཡིན།(མུ་འགོད།)