འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་གེ་སར་རིག་གནས་ཞིབ་འཇུག་སྐོར་ལ་གསུངས་བའི་གཏམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-01   རྩོམ་ཁུངས།    མི་དམངས་དྲ་བ།


    འཇམ་དཔལ་རྒྱལ་མཚོ་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་ནས་ཡིན་ལ། དགུང་ལོ་ཆུང་དུས་ནས་པེ་ཅིང་དུ་སླེབས་པ་དང་། ད་ལྟའི་བར་དུ་ལོ་ངོ་61ཙམ་ཕྱིན་ཡོད་པ་རེད།
     ཁོང་གིས་ཐོག་མར་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་དུ་་ཕྱག་ལས་གནང་ལ། ཏང་གི་ཚོགས་ཆེན་ཐེངས་བརྒྱད་པ་སོགས་ཀྱི་ཚོགས་ཆེན་ཁག་ཏུ་སྐད་སྒྱུར་གནང་མྱོང་ཡོད། 1981ལོར། ཁོང་ཉིད་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་འགོ་ཚུགས་ལ། དེ་ནས་ཞིབ་འཇུག་པ་གཞོན་པའི་མཚན་གནས་ཐོབ་ཅིང་། ཁོང་ནི་བོད་རིགས་ཞིབ་འཇུག་པ་གཞོན་པ་ཐོག་མ་རེད། མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བ་དེ་ཡིས་ཁོང་ཉིད་གེ་སར་རིག་གནས་ཞིབ་འཇུག་གི་ལམ་ཁར་ཕྱོགས་འགོ་བརྩམས་ནས་འཛམ་གླིང་དུ་སྙན་གྲགས་ཆེ་བའི་ལོ་རྒྱུས་མཚོན་པའི་སྙན་རྩོམ་རིང་མོ་《གེ་སར་སྒྲུང་》འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་ཁུར་དུ་བཞེས་ཤིང་། སྔ་གཞུག་ཏུ་གེ་སར་སྒྲུང་སྐོར་གྱི་ཞིབ་འཇུག་དཔེ་ཆ་ཡང་གང་མང་ཞིག་བརྩམས་ཡོད་དེ། 《གེ་སར་སྐོར་གྱི་ཐོག་མའི་དཔྱད་གླེང་》དང་《གེ་སར་སྐོར་ལ་དཔྱད་པ་》སོགས་པར་དཔེ་སྐྲུན་བྱས་ཡོད་པ་རེད།
     དེ་ཡང་། ངག་རྒྱུན་ལ་གར་སྟེགས་སུ་སྐར་མ་གཅིག་རིང་གི་འཁྲབ་སྟོན་ལ་གར་སྟེགས་རྒྱབ་ཏུ་སྦྱོང་བརྡར་ལོ་བཅུ་བྱ་དགོས་ཟེར་བ་བཞིན། གེ་སར་རིག་གནས་ལ་ཞིབ་འཇུག་གནང་རིང་། དཀའ་ངལ་མང་པོ་ཞིག་འཕྲད་མྱོང་ཡོད་ཅེས་ཁོང་གིས་གསུངས་ཤིང་། གེ་སར་རིག་གནས་ནི་གཙོ་བོ་བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་ཁྱབ་ཆེ་བས། དམངས་ཁྲོད་དུ་དངོས་སུ་ཕྱིན་ནས་བསྡུ་རུབ་བྱ་དགོས་ལ། མཚམས་རེར་སྒྲུང་པས་བཤད་པ་དག་སྒྲ་ལ་ཕབ་ནས་འཚོལ་བསྡུ་བྱ་དགོས་པས། དཀའ་ངལ་མང་པོ་ཐུག་ཡོད་པ་རེད། ཡིན་ནའང་། དཀའ་ངལ་ཅི་ཙམ་ཡོད་ཀྱང་རང་ཉིད་ཀྱི་ཕུགས་བསམ་དང་བོད་ཀྱི་རྩོམ་རིག་རིག་གནས། ལྷག་པར་དུ་རང་གིས་ཞིབ་འཇུག་བྱ་ཡུལ་གེ་སར་རིག་གནས་ལ་ཞབས་ཞུ་གང་ནུས་བྱ་ཆེད། ཁོང་གི་སེམས་ཤུགས་ནམ་ཡང་ཉམས་མྱོང་མེད་པ་སྟེ། ད་ལྟ། དགུང་ལོ་མཐོན་པོར་སླེབས་ཀྱང་།  སྔར་བཞིན་གེ་སར་རིག་གནས་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད་ལ། ཁོང་གི་སྙིང་སྟོབས་དང་རེ་བ་ནི་རབ་ཏུ་འབར་བཞིན་པའི་མེ་ཕུང་ཞིག་དང་འདྲ་པར་འོད་སྣང་ཆེ་ལ་དྲོད་ཀྱིས་ཁེངས།
     གེ་སར་སྒྲུང་ནི་བོད་ཀྱི་རྩོམ་རིག་ཤེས་བྱ་ཀུན་ཁྱབ་ཞིག་ཏུ་སྣང་ལ། དེ་ནི་རྒྱ་མཚོ་བཞིན་གཏིང་ཟབ་ལ་རྒྱ་ཆེ་བའི་རིག་གནས་ཤིག་ཡིན་པས། དེ་ལ་སློབ་སྦྱོང་དང་ཞིབ་འཇུག་གི་རིན་ཐང་བསམ་གྱིས་མི་ཁྱབ་པ་ཞིག་རེད། ང་ཚོ་མི་སུ་ཞིག་ཡིན་རུང་རང་ཉིད་ནས་གེ་སར་རིག་གནས་ལ་གཙིགས་འཛིན་བྱས་ཏེ་སློབ་སྦྱོང་དང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། ཁྱད་པར་དུ་རང་གི་སྐད་དང་ཡི་གེ་ནས་སློབ་སྦྱོང་དང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་གལ་ཆེ་ཡིན་པ་ནན་གྱིས་གསུངས།
     གཞན་ཡང་། རིག་གནས་ཞིབ་འཇུག་ལ་ངེས་པར་དུ་སེམས་པ་རྣལ་ཏུ་ཕབ་ནས་སློབ་སྦྱོང་བྱས་ཏེ་ཞིབ་འཇུག་གཏིང་ཟབ་བྱེད་པར་འབད་དགོས། དེང་སང་། གེ་སར་ཞིབ་འཇུག་ལ་དགའ་མཁན་གྱི་གཞོན་ནུ་མང་པོ་བྱུང་དང་འབྱུང་བཞིན་ཡོད་མོད། འོན་ཀྱང་། སེམས་རྣལ་ཏུ་ཕབ་ནས་ཞིབ་འཇུག་བྱེད་མཁན་ད་དུང་ཉུང་བ་སྣང་བས། བོད་ཀྱི་ན་གཞོན་ཚོས་མུ་མཐུད་ནས་སེམས་ཤུགས་གཅིག་ཏུ་བསྒྲིམས་ཏེ་ཞིབ་འཇུག་གཏིང་ཟབ་བྱེད་པར་འབད་པ་བྱ་རྒྱུའི་རེ་བ་ཡོད། གེ་སར་རིག་གནས་ནི་བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་དར་ཁྱབ་ཆེ་བས། ཞིང་འབྲོག་ཁུལ་དུ་དངོས་སུ་ཕྱིན་ནས་ཞིབ་འཇུག་དང་རྒྱུས་ལོན་བྱ་རྒྱུ་ཧ་ཅང་གལ་ཆེ། གེ་སར་རིག་གནས་ལ་ཞིབ་འཇུག་བྱ་དགོས་ན། ངེས་པར་དུ་རང་མི་རིགས་ཀྱི་སྐད་དང་ཡི་གེ་བྱང་ཆུབ་པ་ཞིག་ཡོད་དགོས། དེའི་ཕྱིར། ཕ་སྐད་མ་ཡིག་ཐོག་ནས་འབད་པ་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།