རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་གནང་སྐབས་སུ། ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཆེད་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པར་མཐའ་མའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཚུད་པའི་གནད་འགག་གི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་ཚོགས་ཆེན་ཤིན་ཏུ་གལ་ཆེན་ཞིག་ཡིན་ཞེས་གསུངས།
ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ནི། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་འཇགས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་རླབས་ཆེན་བླངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱ་དགོས་པ་དེ་རེད།
ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་ཐོག་མཐའ་བར་གསུམ་རྒྱུན་ལྷོད་མི་བྱེད་པ་སྟེ། ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཆེད་ཡིན། ཐོག་མའི་བསམ་འདུན་དང་ལས་འགན་འདི་ནི་ ཀྲུང་གོའི་གུང་ཁྲན་ཏང་མི་སྔར་བས་རྒྱུན་ཆད་མེད་པར་མདུན་སྐྱོད་ལ་སྐུལ་ལྕག་གཏོང་བའི་རྩ་བའི་སྒུལ་ཤུགས་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ནམ་ཡང་མི་དམངས་དང་ལྷན་དུ་སྐྱིད་མཉམ་མྱོང་། སྡུག་མཉམ་འཁུར། སེམས་པ་གཅིག་ཏུ་སྦྲེལ་ཏེ། ནམ་ཡང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་འབད་བརྩོན་གྱི་དམིགས་འབེན་དུ་འཛིན་པ། ནམ་ཡང་ལྷོད་གཡེངས་མེད་པའི་རྣམ་འགྱུར་དང་ཞུམ་མེད་འབད་བརྩོན་བྱེད་པའི་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་རྔམ་བརྗིད་ལྡན་པ་དེ་ལ་ཕྱོགས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མུ་མཐུད་མདུན་དུ་བསྐྱོད་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་པས། མདུན་ལམ་ནི་འོད་སྟོང་ལྡན་ཞིང་འགྲན་སློང་ཡང་ཧ་ཅང་ཛ་དྲག་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོ་ངེས་པར་དུ་མཐོ་སར་འཛེགས་ནས་རྒྱང་ལྟ་བྱེད་པ་དང་། སྐྱིད་དུས་ཉེན་ཁ་མི་བརྗེད་པ། བཅོས་སྒྱུར་བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ། ནམ་ཡང་འཕེལ་རྒྱས་རྒྱུན་མི་ཆད་པ། ནམ་ཡང་རང་སོར་མི་གནས་པ་བཅས་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་སྒོས་སྣེ་ཁྲིད་ནས་བློ་ཐག་རྦད་བཅད་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ལོན་དགོས་པ་དང་། སྟོབས་ཤུགས་ཆེར་སྐྱེད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་ཆེན་ལོན་དགོས་ཞེས་བསྟན།