ཕ་ཡུལ་དྲན་པའི་གདུང་བ།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2017-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཞེས་པ་ལྟར།  ཕྱི་ཡུལ་ནས་མི་ལོ་མང་པོ་རིམ་གྱིས་འདས་པ་དང་བསྟུན་ནས་དུས་རྒྱུན་དུ་ཡ་ཆུང་སེམས་ལ་དྲན་ཡོང་བ་ནི་ཕ་ཡུལ་གྱི་འཚོ་བ་དག་ཡིན་ལ། ཕ་ཡུལ་དྲན་པའི་གདུང་བ་ནི་སུ་ལ་མཚོན་ནས་བཤད་ན་ཡང་བརྗོད་དཀའ་བའི་ན་ཟུག་ཅིག་ཡིན་ཚོད་རེད།

ཕ་ཡུལ་དང་ཁ་གྱེས་ནས་མི་ལོ་བཅུ་ལྷག་འགོར་བ་དང་།  ང་ཡང་རིམ་གྱིས་ཕྱི་རོལ་གྱི་འཇིག་རྟེནལ་གོམས་ལོབས་བྱུང་འགོ་བརྩམས།  ཡིན་ན་ཡང་བྲེལ་འཚུབ་ཀྱི་ཀློང་ནས་མཚམས་ལ་ལ་རེར་ཕ་ཡུལ་དྲན་འོང་བའི་དང་། ཆུང་དུས་ཀྱི་རྩེད་རོགས་ཚོ་དང་། སློབ་ཆུང་འགྲིམས་པའི་སྣང་བརྙན། ཁྱིམ་མིའི་དགོད་སྒྲ་དང་བྱམས་བརྩེ་སོགས་ནི་དངོས་ནས་བརྗེད་དཀའ་ཞིང་།  དྲན་གདུང་གི་ཀློང་ནས་དགའ་སྐྱོའི་མིག་ཆུ་བཞུར་བ་ཡང་ཐེ་ཚོམ་མི་འདུག    

   ཕ་ཡུལ་དུ་ལོག་ཐེངས་རེ་ལ།  ཕ་ཡུལ་གྱི་ཁོར་ཡུག་ནས་འཚོ་བའི་ཁྲོད་ཀྱི་གནས་ལུགས་རེ་རེ་རྒྱུད་ལ་རྟོགས་པར་བྱེད། ཕ་མའི་ཁ་བརྡ་དང་སློབ་གསོ་ནི་བྲེལ་འཚུབ་ཆེ་བའི་འཚོ་བའི་ཁྲོད་དུ་ཅིས་ཀྱང་མེད་མི་རུང་བའི་སློབ་གསོ་ཞིག་རེད་ཨང་།  དྲིན་ཆེན་ཕ་མའི་སེམས་ཁོངས་ན་ང་ཚོ་ནི་ནམ་ཡང་ནར་མ་སོན་པའི་བྱིས་པ་ཆུང་ཆུང་དེ་ཡིན།  

ལོ་ཟླའི་གོམ་འགྲོས་འདི་དངོས་ནས་མགྱོགས་དྲགས་པའི་དབང་གིས་དྲིན་ཕ་མའི་རྒས་གཉེར་གྱི་ངོ་གདོང་དང་།  དུང་ལྟར་དཀར་བའི་སྐྲ་ལོ། སེམས་ཁུར་དང་ཁ་བརྡའི་གཏམ་ངག་སྔར་ལས་ཇེ་མང་།ད་དུང་ལག་ཇེ་དལ་དང་སེམས་ཇེ་ཆུང་དུ་གྱུར་དུས་བདག་གི་སེམས་ལ་ཕ་མ་དང་མཉམ་དུ་བསྡད་པའི་དུས་ཚོད་དེ་ནི་དངོས་ནས་རྩ་ཆེ་ཞིང་།  ཕ་མ་དང་མཉམ་དུ་འདུག་མ་ཐུབ་པའི་ལོ་ཟླ་དག་ནི་ང་ལ་མཚོན་ན་ཆེས་ཆེ་བའི་ཕམ་ཁ་ཞིག་ཀྱང་ཡིན་པ་རྟོགས་བྱུང་།  

    ལ་ལས་བཤད་ན་ཆེས་བཟང་བའི་བརྩེ་བ་ནི་མཉམ་འདྲོགས་བྱེད་རྒྱུ་དེ་ཡིན་ཟེར།  འདི་ཡང་དངོས་ནས་བདེན་པར་སྣང་སྟེ།  མཉམ་འདྲོགས་བྱེད་པའི་གོ་རིམ་ཁྲོད་ནས་འཚོ་བའི་ཁྲོད་ཀྱི་ཞིབ་ཆ་རེ་རེར་རྒྱུས་ལོན་དང་འབྲེལ་འདྲིས་བྱས་ཆོག་ཅིང་།  དེ་དག་གི་གོ་རིམ་ཁྲོད་ནས་ཕན་ཚུན་བར་ལ་ལྷད་མེད་ཀྱི་བརྩེ་བ་ཞིག་ཆགས་ཐུབ་པས་ཡིན་རྒྱུ་རེད།  ཐུགས་ཁུར་དང་དགོད་སྒྲ་ཡིན་ཀྱང་ཆོག   ཐ་ན་ཁ་རྩོད་དང་ངུ་སྒར་ཡིན་ཀྱང་ཆོག  འདས་ཟིན་པའི་ལོ་ཟླ་ལ་ཕྱིར་དྲན་བྱེད་དུས་དེ་དག་ཚང་མ་དྲན་གདུང་ཁྲོད་ཀྱི་བདེ་སྐྱིད་རེ་རེ་ལ་སྔར་ནས་གྱུར་འདུག