ཚེ་རིང་དཔལ་སྒྲོན་གྱིས། སྲིད་ཇུས་ཡག་པོ་དང་བོད་སྐྱོར་ལས་དོན་ལག་བསྟར་གནང་བ་དེས་བོད་ལྗོངས་ཀྱི་སྦྲུམ་མ་འཆི་ཚད་ཇེ་དམའ་རུ་སོང་ཡོད་ཟེར།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


       ཟླ་10པའི་ཚེས་18ཉིན་གྱི་སྔ་དྲོར། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་པ་དང་། ཚོགས་འདུ་མ་འཚོག་པའི་སྔོན་ལ། འཐུས་མི་ཚེ་རིང་དཔལ་སྒྲོན་གྱིས་ཚོགས་ཆེན་བཅུ་དགུ་པའི“ཏང་གི་འཐུས་མི་ཕེབས་ལམ”གྱི་བཅར་འདྲི་ཐོག་མའི་ཁྲོད་བཅར་འདྲི་དང་ལེན་གནང་།

       གསར་འགོད་པའི“འདས་ཟིན་པའི་ལོ་ལྔའི་རིང་དུ་བོད་ལྗོངས་ཀྱི་སྦྲུམ་མ་དང་གསར་སྐྱེས་ཕྲུ་གུ་འཆི་ཚད་མུ་མཐུད་དུ་མར་ཆག་པའི་རྒྱུ་མཚན་ག་རེ་ཡིན”ཞེས་པའི་དྲི་བར་ལན་འདེབས་སྐབས།  མོས་བཤད་རྒྱུར།  སྔོན་ཆད་ཆ་རྐྱེན་ཅུང་ཞན་པ་དང་འགྲིམ་འགྲུལ་ཡང་སྟབས་བདེ་མིན་པ། མང་ཚོགས་ཀྱིས་ནད་ལ་བརྟག་པའི་འདུ་ཤེས་ཞན་པོ་ཡོད་པ་རེད། དེང་སྐབས་ཏང་གི་སྲིད་ཇུས་ཡག་པོའི་འགོ་ཁྲིད་འོག   མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་བདེ་ཐང་གི་འདུ་ཤེས་ཆེ་རུ་ཕྱིན་ཡོད་ཅིང་། ལྷག་པར་དུ་ཏང་དང་རྒྱལ་ཁབ་ཀྱིས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་པར་སྨན་རིན་རྩིས་ཞུ་བྱེད་ཆོག་པ་མ་ཟད་ནད་གཡོག་གི་གླ་ཆ་ཡང་རྩིས་ཞུ་ཆོག་པ་ལྟ་བུའི་ཨ་མ་དང་གསར་སྐྱེས་ཕྲུ་གུའི་འཕྲོད་བསྟེན་ཐད་སྲིད་ཇུས་ཡག་པོ་མང་པོ་བཏོན་ཡོད་ཕྱིར། ཀུན་གྱིས་སྨན་ཁང་དུ་ཕྲུ་གུ་སྐྱེ་གི་ཡོད་ཅིང་སྦྲུམ་མ་འཆི་ཚད་དང་གསར་སྐྱེས་ཕྲུ་གུ་འཆི་ཚད་ཀྱང་རང་བཞིན་གྱིས་ཇེ་ཉུང་དུ་ཕྱིན་པ་རེད། དེ་མིན་གཞན་ཚོགས་སྒྲིག་ཅན་གྱི་བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་རྗེས། བོད་སྐྱོར་སྨན་པས་མངའ་རིས་ཀྱི་སྨན་པར་གཅིག་གཅིག་གཉིས་གཉིས་བྱས་ཏེ་སློབ་ཁྲིད་བྱེད་པ་དང་། གཅིག་གིས་གཅིག་སྐྱོང་གི་ལམ་ནས་སློབ་མར་རོགས་ཁྲིད་བྱེད་པ་བཅས་ཀྱིས་ས་གནས་དེ་གའི་སྨན་པའི་ལག་རྩལ་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད། འགྱུར་ལྡོག་འདི་དག་ཚང་མ་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་མི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་རག་ལས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་དམིགས་བསལ་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཡང་ཁ་འབྲལ་ཐབས་མེད། ད་ལྟ་ང་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཡོད་དེ། ང་ཚོ་དེ་བས་ཀྱང་བདེ་སྐྱིད་ཡོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བརྗོད།