རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-23   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་རིང་བོད་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་བསྡུར་གནང་ཞིང་། ཚང་མས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཡོངས་བསྒྲགས་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོན་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད། དུས་རབས་གསར་པས་འགན་འཁྲི་གསར་པ་འབོད་སྐུལ་བྱེད་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བྱས་རྗེས་གསར་པ་འཇོག་དགོས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆེས་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་ཐུན་མོང་གི་བསམ་བློའི་ངོས་འཛིན་གཅིག་སྒྲིལ་དང་བསམ་བློའི་ཁྲིད་སྟོན་ལ་བྱེད་རྒྱུ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་གཅིག་མཇུག་གཉིས་མཐུད་ངང་གསུངས། འཐུས་མི་ཏིང་ཡེ་ཤན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནང་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཀྱི་བྱ་ཐབས་གསར་པ་དང་། ཕན་འབྲས་གསར་པ། ཉམས་མྱོང་གསར་པ་བཅས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། དུས་བབ་གསར་པ་དང་། གོ་སྐབས་གསར་པ། འགྲན་སློང་གསར་པ་བཅས་ལ་དབྱེ་ཞིབ་བྱས་པ། དམིགས་ཚད་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་བཏོན་པ་ལས། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགྱུར་མེད་ཀྱི་ཆོད་སེམས་དང་བློ་སྟོབས་ཆེན་པོ་མཚོན་པ་དང་། བླ་ན་མེད་པའི་ཏང་གཤིས་ཀྱི་ཀུན་སྤྱོད་དང་འགན་འཁྲི་འཁུར་བའི་སྙིང་སྟོབས་མཚོན་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བླང་བྱ་ནན་པོ་དང་གཅེས་སྐྱོང་དང་ཐུགས་ཁུར་གནང་ལུགས་མཚོན་ཡོད། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་སྒྲིག་ཡིག་ནང་བཀོད་པ་ལས། མར་ཁེ་སི་རིང་ལུགས་སྲིད་ཏང་དུས་བསྟུན་འཕེལ་རྒྱས་ཕྱིན་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཏང་འཛུགས་སྐྱོང་གི་ལག་ལེན་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་གང་ལེགས་མངོན་ཡོད། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་ང་རང་རྦད་དེ་མོས་མཐུན་ཡོད། ངེས་པར་དུ་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་གངས་ལྗོངས་ས་མཐོར་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས། འཐུས་མི་ཀྲུའུ་ཀྲུང་ཁུའེ་ཡིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་བཅས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ལ་རྦད་དེ་མོས་མཐུན་ཡོད། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་ཉན་རྗེས་དཔྱིད་རླུང་ལྡང་བ་བཞིན་མི་རྣམས་སེམས་འགུལ་ཐེབས་པ་ཞིག་འདུག སྙན་སྒྲོན་འདི་ནི་རང་རེའི་ཏང་གིས་དུས་རབས་གསར་པར་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རླབས་ཆེའི་ཕུགས་འདུན་འགྲུབ་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མངའ་རིས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་ཕྱིན་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ། སྣོད་བཅུད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ཡོད་པ་ལས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་ཤིན་ཏུ་མཁས་མཛངས་ལྡན་པ་གང་ལེགས་མཚོན་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་ཕྱིན་པའང་ར་འཕྲོད་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་རྒྱ་མཚོ་ལྟར་ཟབ་པའི་བཀའ་དྲིན་མངའ་རིས་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད། ངེས་པར་དུ་ཐོབ་པར་དཀའ་བའི་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་བོད་ནུབ་ཀྱི་དཔལ་འབྱོར་སྟོབས་ཆེའི་ཁུལ་བཏོད་ནས་མཐའ་མཚམས་སྲ་བརྟན་དང་སྤྱི་ཚོགས་བརྟན་ལྷིང་གི་ཟངས་གྱང་ལྕགས་རྩིག་ཧུར་ཐག་བསྐྲུན་རྒྱུ་ཡིན་ཞེས་གསུངས། འཐུས་མི་རེན་ཧོའུ་མིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་བཅས་ལ་ང་རང་རྦད་དེ་མོས་མཐུན་ཡོད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དངོས་ཐོག་བདེན་འཚོལ་གྱི་ཚན་རིག་དང་མཐུན་པའི་རྣམ་འགྱུར་ཁྱབ་པ་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དཀྲིས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་སྟོན་གནང་ཡོད། སྙན་སྒྲོན་གྱི་འགོ་ནས་མཇུག་བར་མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་བའི་རིན་ཐང་གི་ཚད་གཞིས་ཁྱབ་ཡོད། ངས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱས་ཏེ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པ་དང་གོ་སྐབས་ལ་གཅེས་སྤྲས་དང་རང་འགུལ་ངང་ལས་དོན་ཧུར་ཐག་སྤེལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས་བྲག་གཡབ་རྫོང་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས། འཐུས་མི་བྱམས་པ་སྒྲོལ་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་ནན་ཏན་ཉན་རྗེས་ང་ལ་སྐུལ་ལྕག་ཚད་མེད་ཐེབས་བྱུང་ལ་ངར་ཤུགས་ཀྱང་ཆེན་པོ་སྐྱེས་བྱུང་། སྙན་སྒྲོན་ནང་ང་ཚོར་སྤྱི་ཡོངས་གསལ་པོ་གླེང་བ་དང་། གནས་ལུགས་གསལ་པོ་བརྗོད་པ། དམིགས་ཚད་གསལ་པོ་སྟོན་པ་བཅས་གནང་འདུག་པས། ང་རང་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། མེས་རྒྱལ་མཛེས་སྡུག་ལྡན་མིན་མཐའ་མཚམས་ལ་ལྟ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཞི་མཐུན་བརྟན་ལྷིང་དང་དར་རྒྱས་མཛེས་སྡུག་དེ་བས་ལྡན་པ་བྱུང་ནས་མི་དམངས་ཀྱི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། ཏང་གི་འགོ་ཁྲིད་ནི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྩ་བའི་འགན་ལེན་ཞིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་འབྱུང་གནས་ཤིག་ཀྱང་རེད། ངས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་བཏང་ནས་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་འཐུས་མིའི་འགན་འཁྲི་ལེགས་པར་བསྒྲུབས་ཏེ་སྲོག་ཤིང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས་མི་དམངས་ཉེན་རྟོག་པའི་ཁས་ལེན་དམ་བཅའ་བརྟན་པོ་ལག་ལེན་དུ་འཁྱོལ་བར་བྱ་རྒྱུ་ཡིན་ཞེས་གསུངས། འཐུས་མི་ཡའོ་ཁྲེས་ལོ་རབས90པའི་ནང་དུ་སྐྱེས་པའི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཞིག་གི་ངོས་ནས་ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་ཉན་རྒྱུ་བྱུང་བར་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། སྤོབས་པ་ཚད་མེད་སྐྱེས་བྱུང་། ཚོཌ་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་དམངས་ཆེད་ཀྱི་བརྩེ་སེམས་ཤུགས་ཆེན་མངོན་ཡོད། དེ་ནི་དམ་པ་དོན་གཉེར་དང་། ཡར་རྒྱས་བརྩོན་ལེན། མི་སེམས་གཅིག་སྒྲིལ། མདུན་སྐྱོད་ལ་སྐུལ་ལྕག་བཅས་ཀྱི་སྙན་སྒྲོན་བཟང་པོ་ཞིག་རེད། ལོ་ལྔའི་རིང་ང་རང་ལ་མྱོང་ཚོར་ཟབ་ཤོས་ནི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་མི་རིགས་ཁག་གི་མི་དམངས་ཀྱི“བརྟན་ལྷིང་རང་འགུལ་དུ་འགྱུར་བའི”འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ་དེ་རེད། ངས་གཞན་གྱི་སྣེ་ཁྲིད་དེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། གོ་བ་ཡག་པོ་ལེན་པ་བཅས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་། ཁྲིམས་བཞིན་འགན་སྒྲུབ། ཡ་རབས་ལས་སྒྲུབ་བཅས་ཀྱིས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་གཞོགས་འདེགས་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུངས། (པ་ཚེ་དང་བསོད་དབང་གིས་སྒྱུར་ཞུས་བྱས) |