རྩོམ་པ་པོ།   པདྨ་ཚེ་རིང་།ཚེ་རིང་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2017-11-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས3ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་མྱི་ཟུར་གྲོང་ཚོ་ནས་ལོ་རེར་ཐེངས་རེ་སྒྲུབ་བཞིན་པའི་རི་སྐྱབས་རྟ་རྒྱུག་གི་དམངས་སྲོལ་རིག་གནས་བྱེད་སྒོ་བསྡུས་པ་རེད།
མྱི་ཟུར་གྲོང་ཚོའི་གཉའ་གྲོང་དང་བར་གྲོང་། ཐང་འབྲོག ཕ་ལག་སོགས་རང་བྱུང་གྲོང་མི་ཚོ་ཆུང་བཞིའི་བོད་རིགས་མང་ཚོགས་ཚོས་ལུས་ལ་བཀྲག་མདངས་ལྡན་པའི་དུས་ཆེན་གྱི་གཟབ་ཆས་སྤྲས་ནས་གཞི་བདག་ཞལ་དཀར་གྱི་ཉེ་འདབས་སུ་འཛོམས་ཏེ་བསང་གཏོང་བ་དང་། ལ་ཙེ་སྐྱེལ་པ། རྟ་རྒྱུག་པ། སྐོར་བྲོ་འཁྲབ་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་རོལ་ཡོད་པ་རེད།
ཞོགས་པའི་དུས་ཚོད་བརྒྱད་ཀྱི་སྟེང་གྲོང་མི་ཚོས་ལུས་ལ་གཟབ་ཆས་སྤྲས་ཤིང་ཞིམ་མངར་ལྡན་པའི་ཟས་རིགས་སྣ་ཚོགས་འཁྱེར་བཞིན་ཁྱིམ་ཚང་རེ་རེ་ནས་ཞོན་རྟ་ཁྲིད་དེ་གཞི་བདག་ཞལ་དཀར་བཀྲ་ཤིས་དཔལ་ལྡན་གྱི་འདབས་སུ་འཛོམས་ཡོད།
གྲོང་མི་རྣམས་ཀྱིས་སྔ་གཞུག་ལྟར་གྲལ་བསྒྲིགས་ནས་ཅོག་ཙེའི་སྟེང་དུ་མར་དང་རྩམ་པ། ཕྱུར་བ། སིལ་ཏོག་སོགས་བཤམ་པ་དང་། མཚམས་པས་ཞལ་འདོན་གནང་ཚར་རྗེས་གྲོང་ཚོའི་སྐྱེས་པ་ཡོངས་ཡར་ལངས་ཏེ་བསང་ཐབ་ཀྱི་མདུན་ནས་དུང་དཀར་འབུད་ཅིང་། བསང་མཆོད་རྒྱ་ཆེན་པོ་བྱས་ཏེ་དར་ལྕོག་འཐེན་པ་དང་ལ་ཙེ་སྐྱེལ་ནས་མི་ཕྱུགས་ལ་ན་ཚ་དང་གོད་ཁ་མེད་པའི་གསོལ་འདེབས་བྱེད།
བསང་བཏང་ཚར་རྗེས་རི་ལ་བསྐོར་བ་བྱེད་པ་དངོས་སུ་མགོ་རྩོམ་པ་རེད། གྲོང་མི་ཚོས་རང་རང་གི་རྟ་ཁྲིད་ནས་གཞི་བདག་ལ་བསྐོར་བ་ལན་གཅིག་བྱེད་ཅིང་། སྐབས་དེར་སྦྲང་ཆར་སིལ་མ་ཞིག་རྟགས་དང་རྟེན་འབྲེལ་ཡག་པའི་རྒྱན་དུ་བབས། མི་རྣམས་ཀྱིས་དད་སྣང་དང་ལྷག་བསམ་སྙིང་ལ་བཅང་བཞིན་གཞི་བདག་ལ་བསྐོར་བ་ལན་གཅིག་རྒྱབ་ཚར་བ་རེད།
ཉིན་གུང་གི་དུས་ལ་ཐོན་པས་གྲོང་ཚོའི་ཕོ་མོ་རྒན་གཞོན་ཡོངས་ཀྱིས་རང་གི་འདུག་གནས་ནས་ཞིམ་མངར་ལྡན་པའི་ཟ་མ་ལོངས་སུ་སྤྱོད་པ་དང་། ཕྱི་ཕྱོགས་ནས་ཐོན་པའི་ཡུལ་སྐོར་བ་མང་པོས་ཀྱང་ས་གནས་དེ་གའི་ཟ་མ་ཉམས་སུ་མྱོང་བཞིན་རང་བྱུང་མཛེས་ལྗོངས་དང་ངོ་མཚར་བའི་རིག་གནས་ལ་བསྟོད་བསྔགས་ཡང་ཡང་འཐེན་གྱི་ཡོད། དུས་སྟོན་གྱི་བར་སྐབས་གང་རུང་ནས་ཡུལ་འདི་ནི་ཆེ་བར་བརྩི་བཀུར་དང་ཆུང་བར་བྱམས་སྐྱོང་ཡོད་པ་ཞིག་ཡིན་པ་ཤེས་ཐུབ།
ཕྱི་དྲོའི་བྱེད་སྒོ་ནི་སྡེ་དམངས་རྣམས་ཀྱིས་སྲོལ་རྒྱུན་ལ་བརྟེན་ནས་རང་ངོས་ཀྱིས་རྩ་འཛུགས་བྱས་པ་ཞིག་ཡིན། རྣམ་པ་ལྷན་རྒྱས་ནས་དགའ་སྤྲོའི་འཛུམ་མདངས་དང་བཅས་བཀྲ་ཤིས་མཆོད་པའི་གཡང་ཆགས་སྐོར་བྲོ་འཁྲབ་བཞིན་མི་ལ་ན་ཚ་མེད་ཅིང་ཕྱུགས་ལ་གོད་ཁ་མེད་པ། ལོ་ལེགས་ཕུན་སུམ་ཚོགས་པའི་སྨོན་ལམ་ཞུ་བ་རེད།
་