རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-10   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
ཀན་སུའུ་ཞིང་ཆེན་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་རྩོམ་སྒྱུར་ལྟེ་གནས་ཀྱི་འགན་འཁུར་བས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པར།ལྟེ་གནས་དེས་2014ལོའི་ཟླ་9པ་ནས་བཟུང་བླ་བྲང་དགོན་གྱི་བོད་ཡིག་གི་ཚད་ལྡན་ཡིག་ཆ་ཉར་ཚགས་ལེགས་སྒྲིག་དང་རྩོམ་སྒྱུར་བྱེད་འགོ་ཚུགས་ཤིང་།མིག་སྔའི་བར་བླ་བྲང་དགོན་གྱི་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཁྲི་2ལྷག་ཙམ་གློག་རྡུལ་ཅན་དུ་བསྒྱུར་ཡོད་པ་རེད།
བླ་བྲང་དགོན་ལ་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་།དེ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཤིག་ཡིན་ལ།ཀྲུང་གོའི་བཀའ་བསྟན་འགྱུར་གྱི་གྲངས་འབོར་མང་ཤོས་དང་། རིག་གཞུང་ཆུ་ཚད་མཐོ་ཤོས། ཕུལ་བྱུང་མཁས་དབང་མང་ཤོས་བཅས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག་ཀྱང་ཡིན་པས་དེར་འཛམ་གླིང་གི་བོད་རིག་པའི་གླིང་ཞེས་པའི་མཚན་སྙན་ཡོད།དགོན་སྡེ་དེར་ཆ་ཚང་པའི་ངང་ནས་དཔེ་རྙིང་རྩ་ཆེན་ཁྲི་6.8ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང་།1982ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས།
བླ་བྲང་དགོན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆའི་ནང་དོན་གྱི་གྲས་སུ་མཚན་ཉིད་རིག་པ་དང་། རྒྱུད། སྨན་རྫས། ལོ་རྒྱུས། རྣམ་ཐར། བཟོ་རྩལ། གནམ་རིག བརྡ་སྤྲོད་སོགས་རིགས་10ལྷག་ཙམ་ཚུད་ཡོད་པ་དེར་གསེར་ཞུན་དང་། དངུལ་ཞུན། བྱུ་རུ། གཙུག་གཡུ། མུ་ཏིག དུང་བཅས་ཀྱི་ཞུན་མས་བྲིས་པའི་《རྡོ་རྗེ་གཅོད་པ་》སོགས་བོད་ཡིག་ཐོག་མར་གསར་གཏོད་དང་བོད་ཀྱི་ཆོས་ལུགས་བསྟན་པ་སྔ་དར་སྐབས་སུ་དར་ཁྱབ་བྱུང་བའི་འཛམ་གླིང་ཐོག་གི་དཔེ་ཆ་རྩ་ཆེན་མང་པོ་ཉར་ཚགས་བྱས་ཡོད་ལ། བཀའ་བསྟན་འགྱུར་དེ་དག་རྒྱལ་ཁབ་ཀྱི་ནོར་བུ་ཡིན་པ་མ་ཟད་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་གི་ཆོས་ཕྱོགས་ལས་རིགས་ཀྱིས་དོ་སྣང་བྱ་ཡུལ་ཡང་ཡིན་པ་དང་། དེ་ནི་བོད་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ལོ་རྒྱུས། གནམ་རིག ས་ཁམས། ཆོས་ལུགས་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་རིགས་རྩ་ཆེན་དུ་གྱུར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན།ལོ་ངོ་གསུམ་ལྷག་ཙམ་རིང་ཀན་སུའུ་ཞིང་ཆེན་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་རྩོམ་སྒྱུར་ལྟེ་གནས་ཀྱིས་བླ་བྲང་དགོན་དུ་ཉར་ཚགས་བྱས་པའི་གནའ་བོའི་ཚད་ལྡན་ཡིག་ཆར་དཀར་ཆག་སྒྲིག་པ་དང་ཆབས་ཅིག་གློག་ཀླད་དུ་འབེབས་འཇུག་བྱས་ཡོད། གཞན་ཡང་ད་དུང་ཏུན་ཧོང་གི་གནའ་བོའི་བོད་ཡིག་གི་ཚད་ལྡན་ཡིག་ཆ་དང་། ལེང་ཀྲོའུ་ཡི་བོད་ཡིག་གི་རྩ་ཆེའི་གཞུང་ལུགས།ཀན་སུའུ་ཡི་ས་གནས་ཁག་གི་བོད་རིགས་ཁྱིམ་ཚང་གི་བོན་ཆོས་དང་བོད་ཡིག་གི་ཚད་ལྡན་ཡིག་ཆ་ཚང་མ་མཉམ་དུ་གློག་རྡུལ་དཀར་ཆག་བསྒྲིགས་ཡོད་པ་རེད།