བདེ་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་གླུ་གར་ཕྱི་སྟོན་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཟླ12པའི་ཚེས11ཉིན།  ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་པའི་མི་རིགས་དམངས་ཁྲོད་གླུ་གར་རོལ་དབྱངས་འཁྲབ་སྟོན་དེ་ཡུན་ནན་ཡུས་ཞི་གྲོང་ཁྱེར་ནས་གཟབ་རྒྱས་ངང་འགོ་ཚུགས་པ་དང་། སྐབས་འདིའི་གླུ་གར་རོལ་དབྱངས་འཁྲབ་སྟོན་ནི་ཡུན་ནན་ཞིང་ཆེན་རིག་གནས་ཐིང་དང་། ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཀྲུང་གུང་ཡུས་ཞི་གྲོང་ཁྱེར་ཨུ་ལྷན།  ཡུས་ཞི་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་དང་། ཡུན་ནན་ཞིང་ཆེན་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་དང་། ཡུས་ཞི་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུས། ཡུས་ཞི་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱིས་ཐུན་མོང་ཐོག་འགན་སྒྲུབ་གནང་ཡོད།  

བདེ་ཆེན་ཁུལ་གྱིས་ལོ་ཕྱེད་རིང་གྲ་སྒྲིག་ཞིབ་ཚགས་བྱས་རྗེས་སྲོལ་རྒྱུན་གྱི་གླུ་གཞས་ཏེ་འཇོལ་གྱི་གླུ་གར་གཞས་བརྒྱབ་ཞེས་པ་དང་།  སྲོལ་རྒྱུན་ཞབས་བྲོ་སྟེ་སེམས་ཀྱི་ཉི་ཟླའི་ཞབས་བྲོ་ཉི་ཤར་བརྩེ་བྲོ་ཞེས་པ།  སྲོལ་རྒྱུན་རོལ་ཆ་མཉམ་དཀྲོལ་གྱི་ལེ་ཚན་གངས་ལྷ་མེ་ཏོག་ཅེས་པ། ལོ་ལེགས་ཀྱི་སྤྲོ་སྣང་ཞེས་པའི་མཉམ་ལེན་སོགས་ཀྱི་ལེ་ཚན་བཞི་གདམས་ནས་ཐེངས་འདིའི་འཁྲབ་སྟོན་ནང་ཞུགས་ཡོད།    ལེན་ཚན་འདི་དག་ལ་དམངས་ཁྲོད་རང་བཞིན་དང་། གདོད་མའི་རང་བཞིན་གྱིས་ཕྱུག་ཅིང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རིག་གནས་ནང་དོན་འབུར་ཏུ་ཐོན་ཡོད་པས། བདེ་ཆེན་ཁུལ་གྱི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་གང་ལེགས་ཀྱིས་མངོན་ཡོད།  

ཟླ12པའི་ཚེས11ཉིན་ནས་ཚེས15ཉིན་བར་གྱི་འཁྲབ་སྟོན་བྱེད་སྒོའི་ཁྲོད། ཞིང་ཆེན་ཡོངས་ཀྱི་ལེ་ཚན་འཁྲབ་སྟོན་རིམ་པ་དེ་ཐེངས་གསུམ་དུ་ཕྱེ་ཡོད།   བདེ་ཆེན་ཁུལ་གྱི་འཁྲབ་སྟོན་ལེ་ཚན་དེ་ཟླ12པའི་ཚེས14ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་འཁྲབ་ཐེངས་གསུམ་པའི་ལེ་ཚན་ཁྲོད་གཅིག་བསྡུས་ཀྱིས་འཁྲབ་སྟོན་གནང་ཡོད།    གཞན་ཡང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་འགྲེམས་ཞུགས་ལེ་ཚན་ཁག་ཅིག་ཉེར་ཨར་རིག་གནས་ཐང་ཆེན་དང་།   སྡེ་ཁུལ།  ཨོ་ཧྲན་རྫོང་རིག་གནས་ཐང་ཆེན་སོགས་སུ་སོང་ནས་འཁྲབ་སྟོན་གནང་ཡོད།  

བདེ་ཆེན་ཁུལ་གྱི་འཐུས་མི་ཚོགས་པས་50ལྷག་གིས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ཧུར་ཐག་དང་། ཟླ་ཤས་ཀྱི་ནང་སྦྱོང་བརྡར་གང་ལེགས་བྱས་པ་བརྒྱུད་ནས། ཟླ་12པའི་ཚེས10ཉིན་སེམས་ཀྱི་ཉི་ཟླ་ནས་ཆས་ཏེ་སྤྱི་ལེ700ལྷག་གི་འགྲུལ་བཞུད་བྱས་པ་ན་ཟླ12པའི་ཚེས11ཉིན་ཡུན་ནན་ཡུས་ཞི་གྲོང་ཁྱེར་དུ་འབྱོར་ཞིང་། ཉིན་དེའི་དགོང་མོར་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་པའི་མི་རིགས་དམངས་ཁྲོད་གླུ་གར་རོལ་དབྱངས་འཁྲབ་སྟོན་འགོ་ཚུགས་མཛད་སྒོའི་ཐོག་ཞུགས་ཡོད།   

བོད་རིགས་རིག་གནས་སྒྱུ་རྩལ་དེ་ཡུས་ཞི་གྲོང་ཁྱེར་གྱི་ཐང་ཆེན་དང་སྡེ་ཁུལ་སོགས་ནས་འཁྲབ་སྟོན་བྱས་པ་དེས་ས་གནས་མང་ཚོགས་ལ་སྤྲོ་སྣང་བསྩལ་བ་མ་ཟད།  ད་དུང་མི་རིགས་རིག་གནས་ཕན་ཚུན་སྤེལ་རེས་དང་འབྲེལ་འདྲིས་བྱེད་པར་ཕན་ཐོགས་ནས་ས་གནས་མང་ཚོགས་ཀྱིས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་ནུས་པ་ཐོན་ཡོད་པས་ཚད་ངེས་ཅན་ཞིག་གི་ཐོག་ནས་མི་རིགས་བར་གྱི་འགྲོ་འོང་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ཡོད་པ་རེད།