བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་པར་རིས་ཀུན་བཏུས་ཐོག་མ་

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-15   རྩོམ་ཁུངས།    མི་དམངས་དྲ་བ།

        གསར་འགོད་པས་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་པར་རིས་ཀུན་བཏུས་ཐོག་མ་དེ་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། དཔེ་དེབ་དེའི་ནང་བོད་ལྗོངས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་350ཡི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་ནས་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ད་ལྟའི་གནས་བབ་ཤེས་རྟོགས་བྱ་རྒྱུར་ཁ་ཕྱོགས་བསྟན་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་པར་རིས་ཀུན་བཏུས་དཔེ་དེབ་དེར་ཡིག་འབྲུ་ཁྲི་36ཡོད་པ་དང་། དེའི་ནང་ལྗོངས་ཡོངས་ཀྱི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་350ཡི་དཔྱད་གཞིའི་ཡིག་རིགས་བསྡུས་པའི་ནང་དམངས་ཁྲོད་རྩོམ་རིག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་19དང་། སྲོལ་རྒྱུན་རོལ་དབྱངས་རིགས་ཀྱི་རྒྱུན་འཛིན་པ་17 སྲོལ་རྒྱུན་ཞབས་བྲོའི་རིགས་ཀྱི་རྒྱུན་འཛིན་པ་124 སྲོལ་རྒྱུན་ཟློས་གར་རིགས་ཀྱི་རྒྱུན་འཛིན་པ་23 གཞས་མ་གཏམ་རིགས་ཀྱི་རྒྱུན་འཛིན་པ་7 སྲོལ་རྒྱུན་མཛེས་རྩལ་རིགས་ཀྱི་རྒྱུན་འཛིན་པ་30 སྲོལ་རྒྱུན་རྩལ་ནུས་རིགས་ཀྱི་རྒྱུན་འཛིན་པ་75 སྲོལ་རྒྱུན་གསོ་རིག་རིགས་ཀྱི་རྒྱུན་འཛིན་པ་31 དམངས་སྲོལ་རིགས་ཀྱི་རྒྱུན་འཛིན་པ་24བཅས་ཚུད་ཡོད་པ་རེད།
        བོད་ལྗོངས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་སྤྱིར་ན་གྲུབ་ཡོད། དེའི་ནང་རྣམ་གྲངས་89དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་68དག་རྒྱལ་ཁབ་རིམ་པའི་མིང་གཞུང་ནང་བཅུག་པ་དང་། རྣམ་གྲངས་323དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་350རང་སྐྱོང་ལྗོངས་རིམ་པའི་མིང་གཞུང་ནང་བཅུག་པ། རྫོང་རིམ་པ་ཡན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་1107ཟིན་པ་བཅས་རེད།