ཆེ་དགྲ་ལྷས་བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར།  ཡིག་བསྒྱུར།       དུས་ཚོད།   2017-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། ཚེས16ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་དུ་ཕེབས་ནས་གླིང་ནང་གི་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་དེ་བཞིན་དོ་དམ་སོགས་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

ཆེ་དགྲ་ལྷ་དང་བཅས་པ་གླིང་གི་ཁེ་ལས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་དེ་བཞིན་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཆེ་དགྲ་ལྷས་བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཐེངས་དྲུག་པའི་ཐོག་གཏན་འཁེལ་བྱས་པ་དང་འབྲེལ་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་རྣམ་གྲངས་ནང་བཅུག་པ་ཞིག་ཡིན་པ་དེ་ནི་རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ལ་དམིགས་བསལ་ཐུགས་ཁུར་གནང་བ་ཞིག་ཡིན་པས་རྒྱལ་ནང་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་ནས་མཉམ་ལས་དང་སྤེལ་རེས་བྱེད་པའི་སྔོན་དཔེ་གཏོད་ཡོད།བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གླིང་ནང་ཞུགས་མཁན་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་ཁེ་ལས་རང་ངོས་དང་གླིང་ཁུལ་གཉིས་ཀར་ཕན་པའི་དམིགས་ཚད་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།

བརྟག་ཞིབ་གནང་རིང་། ཆེ་དགྲ་ལྷས་བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པའི་ཐོན་ལས་ཀྱི་བཀོད་ཇུས་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ལྗང་མདོག་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ། ངེས་པར་དུ་མཉམ་སྤྱོད་འཕེལ་རྒྱས་མངོན་པར་བྱེད་པ། ངེས་པར་དུ་ཕྱོགས་གཉིས་པོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་པར་འབད་བརྩོན་བྱེད་དགོས། ཕྱོགས་ཡོངས་གསར་གཏོད་དང་སྒྱུར་བཅོས་བྱེད་པའི་གོ་སྐབས་འགངས་ཆེན་དམ་འཛིན་ལྷོད་མེད་བྱས་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་གླིང་དོ་དམ་ཚད་ལྡན་དུ་གཏོང་བ་དང་། རིགས་ཁག་གི་སྔོན་ཐོན་ཐོན་སྐྱེད་བྱེད་སྟངས་འགུག་ཐབས་ཧུར་ཐག་གིས་ཐོན་ལས་ཀྱི་སྦྲེལ་ཐག་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་བཟང་སྒྲིག་དང་རིམ་སྤོར་ལ་སྔར་བས་སྐུལ་འདེད་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ནས་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱེད་པ། ལས་སྟེགས་སྐྲུན་མགྱོགས་སུ་གཏོང་བ། ཤེས་ལྡན་མི་སྣ་དང་། ལག་རྩལ། ནོར་ཁྲལ་སོགས་ཀྱི་གཞི་རྩའི་ཆ་རྐྱེན་གཅིག་སྡུད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་སྤུས་ཚད་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་བཏང་ནས་ཀྲུང་དབྱང་གིས་རང་ལྗོངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལ་གོ་བ་ཡང་དག་ལེན་པ་དང་འབྲེལ་ཁྲིམས་མཐུན་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལག་ལེན་ཡག་པོ་བསྟར་ཏེ་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་ནུས་ཆེ་ཤོས་ཐོན་པ་བྱེད་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་གྱི་འབྲེལ་གཏུག་དང་། མཐུན་སྦྱོར། འབྲེལ་མཐུད་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འབྲེལ་གཏུག་དང་གཞོགས་འདེགས་དམ་ཟབ་བྱེད་པ་དང་། མཉམ་ཤུགས་མཉམ་ལས་བྱས་ཏེ་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་ཞབས་ཞུའི་ལམ་སྲོལ་ཞིག་ཆགས་པ་བྱས་ནས་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་མགྱོགས་སུ་བཏང་ཐོག་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་གཟི་བསོད་ཆེ་རུ་གཏོང་བར་འབུལ་དགོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། །