འཇོལ་རྫོང་ཡུན་ལིང་ཤང་གི་ཟོག་དངོས་བརྗེ་རེས་ཚོགས་འདུ་ལ་དགའ་བསུ་ཐོབ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། འཇོལ་རྫོང་ཡུན་ལིང་ཤང་གིས་ཟོག་དངོས་བརྗེ་རེས་ཚོགས་འདུ་སྤེལ་བ་རེད།།

        ཞོགས་པ་སྔ་མོར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མང་ཚོགས་རྣམས་ཀྱིས་གཟབ་ཆས་སྤྲས་ཏེ་ཤང་སྲིད་གཞུང་འགྲམ་གྱི་བྱེད་སྒོ་ཐང་ཆེན་དུ་འཛོམས་ནས་ལྟ་མོ་བ་རྣམས་ལ་དམངས་ཁྲོད་ཀྱི་གླུ་གར་སྟོན་པར་གྲ་སྒྲིག་བྱས།  དམངས་ཁྲོད་ཀྱི་ལག་རྩལ་པ་རྣམས་ཀྱིས་རང་གིས་བཟོས་པའི་པི་ཝང་དང་མདའ་གཞུ་སོགས་ཁྱེར་བ་དང་།  གྲོང་སྡེ་དང་ཚོ་ཆུང་།  མཉམ་ལས་ཁང་སོ་སོས་སྦྲང་རྩི་དང་རྒུན་ཆང་ལ་སོགས་པའི་ཁྱད་ལྡན་ཐོན་རྫས་ཁྱེར་ནས་ཟོག་དངོས་བརྗེ་རེས་ཚོགས་འདུའི་ཚོགས་རར་ཚོང་བཤམས་བྱས།  ཁྲོམ་ལམ་ཐོག་གི་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་བཤམས་སའི་སྔོན་དུ་ཉོ་མཁན་རྣམས་ཀྱིས་རང་ཉིད་ཡིད་སྨོན་པའི་ཚོང་ཟོག་བདམས་པ་དང་།   བྱེད་སྒོ་ཐང་ཆེན་དུ་གླུ་གར་གྱི་སྒྲ་དང་ཐལ་མོ་རྡེབ་སྒྲས་ཁེངས།   


མང་ཚོགས་ཀྱིས་ཟོག་དངོས་བརྗེ་རེས་ཚོགས་འདུའི་ཐོག་ཏུ་ཟོག་དངོས་བདམས་ཡོད།

        རི་སྐྱེས་སྦྲང་རྩི་བཙོང་བའི་ཧོར་གྲོང་སྡེའི་ཨུ་ལྷན་གྱི་ལས་བྱེད་པ་ཟླ་བ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་ལྟར་ན།  ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་ནས་ས་གནས་དེ་གའི་དཔལ་འབྱོར་དར་འཕེལ་ལ་སྐུལ་འདེད་གཏོང་སྟེ་གྲོང་སྡེའི་ཞིང་ལས་ཐོན་རྫས་འཚོང་བར་སྟེགས་བུ་ཡག་པོ་འདོན་ཏེ་ཐོན་རྫས་ཁྱབ་གདལ་གཏོང་ཐུབ་པ་མ་ཟད།  རིག་གནས་བྱེད་སྒོ་སྣ་ཚོགས་བརྒྱུད་ནས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོར་གྱུར་བ་དང་མི་རིགས་རིག་གནས་དར་སྤེལ་གཏོང་སྟེ།  ས་གནས་དེ་གའི་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ལ་སྐུལ་སྤེལ་གཏོང་ཡོད། 

        པི་ཝང་བཤམས་པའི་ཚོང་པ་ཞིག་གིས་ཡུལ་དངོས་སུ་མི་རྣམས་ལ་པི་ཝང་བཟོ་བའི་ལག་རྩལ་ངོ་སྤྲོད་བྱས།  ཁོང་གིས་བཤད་དོན།  བྱེད་སྒོ་འདི་ལྟར་སྤེལ་བ་བརྒྱུད་ནས་མང་ཚོགས་ལ་རང་ཉིད་ཀྱི་ཟོག་དངོས་ཕྱིར་འཚོང་པའི་གོ་སྐབས་ཡག་པོ་འདོན་ཡོད།


མིག་དཔེ་ཅན་གྱི་མི་རིགས་མཐུན་སྒྲིལ་ལས་བྱེད་པ་རྒན་པ་ལ་གཟེངས་བསྟོད་བྱེད་པ།

        ཤེས་རྟོགས་བྱུང་དོན།  ཐེངས་འདིའི་ཟོག་དངོས་བརྗེ་རེས་ཚོགས་འདུ་ནི་ཡུན་ལིང་ཤང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་།  མི་རིགས་མཐུན་སྒྲིལ་དང་ཟོག་དངོས་བརྗེ་རེས་ཞེས་པ་བརྗོད་བྱ་གཙོ་བོར་བྱས།  དུས་དེའི་རིང་དུ།  མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཚོ་ཆུང་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་དུད་ཚང་།  མིག་དཔེ་ཅན་གྱི་མི་རིགས་མཐུན་སྒྲིལ་ལས་བྱེད་པ་རྒན་པ་ལ་གཟེངས་བསྟོད་བྱས་ནས།  རྒྱ་ཆེ་བའི་མང་ཚོགས་རྣམས་ལ་ཁྱིམ་མཚེས་བར་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་རོགས་རེས་བྱས་ནས་སྤྱི་ཚོགས་འཆམ་མཐུན་སྐུལ་འདེད་གཏོང་བ་ཁྲིད་སྟོན་བྱས།  ད་དུང་ལག་རྩེད་སྤོ་ལོ་འགྲན་བསྡུར་དང་ཐག་འཐེན་འགྲན་བསྡུར།  རིག་རྩལ་འཁྲབ་སྟོན་སོགས་བསྡུས་པ་བརྒྱུད་ནས་གོམ་གང་མདུན་སྤོས་ཀྱིས་མི་རིགས་རིག་གནས་དར་རྒྱས་དང་། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོར་འགྱུར་དུ་བཅུག    ཡུན་ལིང་ཤང་ཏང་ཨུའི་ཧྲུའུ་ཅིས་བཤད་དོན།  ཐེངས་འདིའི་ཟོག་དངོས་བརྗེ་རེས་ཚོགས་འདུར་ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འཚོང་ཡོད་པ་མ་ཟད།  ཡུལ་གཞན་གྱི་ཚོང་པ་30ལྷག་འདྲེན་ཏེ་ཐོན་རྫས་སྣ་ཚོགས་ཁྱེར་ནས་མང་ཚོགས་ལ་ཉོ་སྒྲུབ་ཀྱི་ཐབས་ལམ་དང་རྣམ་གྲངས་མང་པོ་འདོན་ཡོད།  དུས་ཡུན་ཉིན་གསུམ་རིང་གི་ཟོག་དངོས་བརྗེ་རེས་ཚོགས་འདུ་དེ་རྒྱ་ཆེ་བའི་མང་ཚོགས་ཀྱི་དགའ་བསུ་ཐོབ།