བདེ་ཆེན་གྱི་རྒྱ་སིལ་སྨིན་བྱུང་།གྲོགས་པོ་ཁྱེད་ཀྱིས་ཁམ་གང་བཞེས་རོགས།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-12-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        


 


        བདེ་ཆེན་དུ་འཚོ་བ་རོལ་བཞིན་པའི་ཡུལ་མི་སྤུན་ཟླ་རྣམས་ལ་མཚོན་ན་རྒྱ་སིལ་ནི་ཆེས་དགའ་བསུ་ཐོབ་པའི་ཤིང་ཏོག་གི་རིགས་ཤིག་ཡིན་ལ།ལོ་རེའི་སྟོན་ཟླ་བཅུ་པ་ཡས་མས་སུ།རང་ཁྱིམ་གྱི་སིལ་ར་ནང་ངམ་ཡང་ན་ཞིང་ཟོག་ཁྲོམ་ར་སོགས་སུ་རྒྱ་སིལ་གྱི་གྲིབ་གཟུགས་གང་ས་གང་དུ་ཁྱབ་ཡོད།


 


        རྒྱ་སིལ་ནི་བདེ་ཆེན་ཁུལ་གྱི་འཇོལ་རྫོང་ཀོང་རྩེད་ར་དང་།གཡག་རྭ།སེམས་ཀྱི་ཉི་ཟླའི་ཉི་ཤར་ཤང་སོགས་འབྲི་ཆུ་དང་རྫ་ཆུའི་བཞུར་ཁུལ་དུ་ཡོད་པའི་ཕྱིའི་ལུགས་ཚ་ལུ་མ་དང་འདྲ་བའི་ཤིང་ཏོག་ཅིག་ཡིན་ལ།རྒྱ་མིང་དུ་ཧོང་གོ་ཟེར་བ་རེད།ལོ་རེའི་ཟླ4པ་ཡས་མས་སུ་མེ་ཏོག་བཞད་པ་དང་།ཟླ10པ་ནས་11ཡས་མས་སུ་སིལ་ཏོག་སྨིན་པ་རེད།མངར་སྐྱུར་གཉིས་འཛོམས་ཀྱི་ཤིང་ཏོག་ཅིག་ཡིན་པ་མ་ཟད།དེ་གསོག་ཉར་བདེ་བ་དང་།གསོག་ཉར་དུས་ཡུན་ཇི་ལྟར་རིང་ན་མངར་ཚད་དེ་ཙམ་གྱིས་མཐོ་ལ།བྲོ་བ་དེ་ཙམ་གྱིས་ཞིམ།


        བདེ་ཆེན་གྱི་ཡུལ་མི་རྣམས་ཀྱིས་རྒྱ་སིལ་ཟ་རྒྱུ་དགའ་ལ།རྒྱ་སིལ་འདི་གྲོགས་པོ་དང་གཉེན་ཉེ་སོགས་ལ་ལེགས་སྐྱེས་སུ་འབུལ་བ་མ་ཟད།མཆོད་བཤམས་ལའང་འགྲོ་བ་རེད།འོ་ན་རྒྱ་སིལ་ལ་ཕན་ནུས་གང་འདྲ་ལྡན་ཞེ་ན།


        རྒྱ་སིལ་ལ་སྨན་སྤྱོད་རིན་ཐང་ལྡན་ཏེ།རྒྱ་སིལ་ཟས་ན་ཁྲག་རྩ་ཕྲ་མོའི་སོབ་གཤིས་ཇེ་ཉུང་དུ་གཏོང་ཐུབ་པ་དང་།ཁྲག་རྩ་ཕྲ་མོའི་ཁྲག་རྡོལ་སྔོན་འགོག་བྱེད་ཐུབ།གཞན་རྒྱ་སིལ་ལ་འཚོ་རྒྱུ་ཕུན་སུམ་ཚོགས་པོ་ཡོད་དེ།མིའི་ལུས་ཁམས་ཀྱི་རྙིང་ཚབ་གསར་འབྱེད་ལ་སྙོམ་སྒྲིག་དང་ཚོད་འགོག་གི་བྱེད་ནུས་ལྡན་པ་མ་ཟད།མི་ལུས་ཀྱི་འགོག་ཤུགས་མཐོར་འདེགས་གཏོང་ཐུབ་བོ།