2017ལོར་ལྷ་སས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1600ལས་བརྒལ་ནས་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-17   རྩོམ་ཁུངས།    ཤིན་ཧྭ་དྲ་བ།

        ཟླ1པོའི་ཚེས་14ཉིན། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་དོན། 2017ལོར་ལྷ་སས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1606ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་227.4ལེགས་སྒྲུབ་བྱུང་བས་ཁག་གཉིས་པོ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད།

        ལྷ་སར་ལོའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད་3000ཡན་ཟིན་པ་དང་རིམ་པ་ཁག་གི་རིག་དངོས་སྲུང་སྐྱོབ་ཚན་པ་བརྒྱ་ཕྲག་ཡོད་ཅིང་།འཛམ་གླིང་ཀུན་ལ་གྲགས་པའི་རིག་གནས་གནའ་གྲོང་དང་ཡུལ་སྐོར་གྲོང་ཁྱེར་ཡིན། 2017ལོར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་སྣེ་ལེན་ནུས་པ་གོང་མཐོར་བཏང་ཞིང་། Aརིམ་པའི་མཛེས་ལྗོངས་ཁུལ་2དང་སྐར་མ་རིམ་པའི་གསོལ་མགྲོལ་ཁང་2གསར་སྣོན་བྱས་པ་དང་། གྲོང་ཁུལ་དང་མཛེས་ལྗོངས་ཁུལ་དུ་འདྲུད་འཐེན་རྣམ་པའི་སྒུལ་སྐྱོད་ཐུབ་པའི་སྤྱི་པའི་གསང་སྤྱོད་30གསར་དུ་བེད་སྤྱོད་བྱས་པ།གྲོང་ཁྱེར་ཡོངས་ཀྱི་སྒུལ་སྐྱོད་འཕྲིན་གཏོང་དྲ་རྒྱ་ཁྱོན་ཡོངས་ནས་རིམ་པ་མཐོ་རུ་བཏང་ནས་སྤྲོ་འཆམ་དང་རོགས་སྐྱོབ་ཐད་སྤྱོད་པའི་གངས་རྒོད་སྤྱི་སྤྱོད་མཁའ་ལམ་བེད་སྤྱོད་བྱས་ཡོད། ད་ཆ་ཡུལ་སྐོར་བས་གངས་ལྗོངས་ས་མཐོར་དེ་བས་བདེ་ཞིང་སྐྱིད་ལ་སྟབས་བདེ་བའི་ཡུལ་སྐོར་མྱོང་རོལ་བྱེད་ཐུབ་ཀྱི་ཡོད།

        2018ལོར་ལྷ་ས་གྲོང་ཁྱེར་གྱིས་མུ་མཐུད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་མཐོའི་ཡུལ་སྐོར་ལ་འཕེལ་ཤུགས་གསར་པ་བསྣན་རྒྱུ་རེད།གྲོང་ཁྱེར་ཡོངས་ཀྱིས་སྤྱི་ལེ་100ཡི་ཤང་གྲོང་ཡུལ་སྐོར་དང་དབུལ་སྐྱོར་ཆེད་སྤྱོད་འགྲོ་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱས་ནས་གྲོང་རྡལ་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་ཁྱབ་པ་བྱ་རྒྱུ་མ་ཟད་ཡུལ་སྐོར་མཛེས་ལྗོང་ཁུལ་དང་གྲོང་ཁྱེར་དང་གྲོང་རྡལ།ཞིང་འབྲོག་ཁུལ་བཅས་སུ་གསང་སྤྱོད་500གསར་འཛུགས་དང་སྒྱུར་བཟོ་བྱ་རྒྱུ། དེ་དང་ཆབས་ཅིག་ཐང་ག་རིག་གནས་གླིང་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་དང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་ལོ་འདིའི་ནང་སྒོ་འབྱེད་ཐུབ་རེ་ཡོད།    

        དེང་སྐབས་ནི་བོད་དུ་ཡུལ་སྐོར་ཡོང་མཁན་ཉུང་བའི་དུས་ཚིགས་ཡིན་པས་ཕོ་བྲང་པོ་ཏ་ལ་དང་བྱང་གནམ་མཚོ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ཡོང་མཁན་ཉུང་བའི་དུས་ཚིགས་སྐབས་ཀྱི་སྤ་སེའི་རིན་གོང་ལག་བསྟར་བྱེད་ཅིང་།རིན་གོང་ནི་ཡུལ་སྐོར་ཡོང་མཁན་མང་བའི་དུས་ཀྱི་ཕྱེད་ཀ་ལས་ཟིན་གྱི་མེད།ཞག་སྡོད་དང་རླངས་འཁོར་གླས་རིན་ཡང་ཚད་གཞི་མི་འདྲ་བའི་ཐོག་ནས་དམའ་རུ་བཏང་བ་དང་། བོད་དུ་སྐྱོད་པའི་གནམ་གྲུ་དང་མེ་འཁོར་སྤ་སེའང་ཅུང་འབེལ་པོ་ཡོད།