ཕྲུ་གུའི་བློ་རིག་རྒྱུན་གཏན་ཡིན་མིན་དབྱེ་འབྱེད་ཇི་ལྟར་བྱེད་དགོས་སམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-18   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

    1. སྐྱེ་འཚར་གྱི་གནས་ཚུལ། འདིར་རིག་སྟོབས་དང་འབྲེལ་བ་ཡོད་པའི་སྐྱེ་འཚར་གྱི་གནས་ཚུལ་འགའ་ཞིག་ལ་བརྗོད་པ་དང་། རྒྱུན་གཏན་གྱི་ཕྲུ་གུ་དང་བསྡུར་ཚེ་སྐད་ཆ་ཤོད་འགོར་བ་དང་། སྐད་ཆ་ཤོད་པའི་མིང་ཚིག་ཕུན་སུམ་ཚོགས་པོ་མེད་པ། གོ་བ་ལོན་པ་དང་དབྱེ་ཞིབ་བྱེད་ནུས་ཞན་པ་བཅས་རེད། བྱ་དངོས་གསར་པ་དང་ལེན་བྱེད་ནུས་འགོར་ཙམ་དང་དཀའ་ངལ་ཆེ་ཙམ་ཡོད་པ་སོགས་ལས་རིག་སྟོབས་ཀྱི་ནུས་པ་ཞན་པོ་ཡོད་པ་གསལ་བཤད་བྱེད་ཀྱི་ཡོད།

    2. སྤྱི་ཚོགས་དང་འཚམ་ནུས་ལ་དབྱེ་ཞིབ་བྱེད་པ། གཙོ་བོ་རིག་སྟོབས་ཞན་པའི་ཕྲུ་གུ་དང་ལོ་མཉམ་ཀྱི་ཕྲུ་གུ་གཞན་དག་མཉམ་གནས་དང་རྒྱུན་གཏན་གྱི་བྱེད་སྒོར་ཞུགས་པའི་གནས་ཚུལ་དང་སློབ་སྦྱོང་གི་གནས་ཚུལ་སོགས་ལ་བརྟག་དཔྱད་བྱེད་དགོས། རིག་སྟོབས་ཞན་པའི་ཕྲུ་གུས་ལོ་མཉམ་གྱི་ཕྲུ་གུ་དང་རྩེད་མོ་རྩེ་སྐབས་བརྙས་བཅོས་ཕོག་སླ་པོ་ཡོད་པ་དང་ལོ་མཉམ་གྱི་ཕྲུ་གུ་དང་རྩེད་མོ་རྩེ་སྐབས་དཀའ་ངལ་ཡོད་པའི་ཚོར་སྣང་ཡོང་གི་ཡོད། དེར་བརྟེན་ཕྲུ་གུ་དེ་དག་གིས་རྟག་ཏུ་ལོ་མཉམ་མམ་ཡང་ན་རང་ལས་ལོ་ཆེ་བའི་ཕྲུ་གུ་དང་རྩེད་མོ་རྩེ་རྒྱུར་གཡོལ་བ་དང་རང་ཉིད་ལས་ལོ་ན་ཆུང་བའི་ཕྲུ་གུ་དང་རྩེད་མོ་རྩེ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། སློབ་གྲྭར་ཕྱིན་ནས་སློབ་སྦྱོང་བྱེད་པ་ནི་ཕྲུ་གུའི་རིག་སྟོབས་འཕེལ་བའི་བྱེད་སྒོ་སྤེལ་ཡུལ་ཞིག་ཡིན་པས་ཕྲུ་གུའི་སློབ་སྦྱོང་གི་གནས་ཚུལ་ལས་ཕྲུ་གུའི་རིག་སྟོབས་དབྱེ་འབྱེད་ལེགས་པོ་བྱེད་ཐུབ། སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱས་ཀྱང་སློབ་སྦྱོང་གི་སྦྱངས་འབྲས་ཞན་པ(ལྷག་པར་དུ་རྩིས་རིག)ལས་བྱིས་པ་དེའི་རིག་སྟོབས་ཞན་པོ་ཡིན་པ་གསལ་བཤད་བྱེད་ཐུབ།

    3. རིག་སྟོབས་གཏན་འཁེལ། མི་ཞིག་གི་རིག་པ་རྣོ་པོ་ཡོད་མེད་དེ་རིག་སྟོབས་གཏན་འཁེལ་བྱེད་སྟངས་སྤྱད་དེ་ཚད་འཇལ་བྱེད་ཀྱི་ཡོད་པ་དང་ཚད་འཇལ་བའི་གཞི་གྲངས་དམིགས་བསལ་གྱི་རྩིས་རྒྱག་ལ་བརྟེན་ནས་རིག་སྟོབས་ཤེས་རྟོགས་ཐུབ་པ་དང་རིག་པ་རྣོ་པོ་ཡོད་མེད་ཀྱི་གཞི་གྲངས་མཚོན་ཐུབ། རྒྱལ་ཁབ་ཕྱི་ནང་གིས་གཅིག་གྱུར་གཏན་འབེབས་བྱས་པ་ལྟར། རིག་སྟོབས90ལས་མཐོ་བ་ནི་རྒྱུན་གཏན་གྱི་རིག་སྟོབས་ཡིན་པ་དང་། 70ནས90བར་ནི་རྒྱུན་གཏན་དང་རྒྱུན་གཏན་མིན་པའི་བར་དུ་གནས་པ། 50ནས69བར་ནི་རིག་སྟོབས་ཅུང་ཞན་པ། 35ནས49བར་ནི་རིག་སྟོབས་ཞན་ཚད་འབྲིང་ཙམ་ཡིན་པ། 20ནས34བར་ནི་རིག་སྟོབས་ཧ་ཅང་ཞན་པོ་ཡིན་པ། 20མན་ཆད་ནི་རིག་སྟོབས་ཤིན་ཏུ་ཞན་པོ་ཡིན་པ་རེད།