རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-18   རྩོམ་ཁུངས།    མི་དམངས་དྲ་བ།
ས་མཐོའི་ཚ་བ་ཆེ་བ་དང་། བྲག་རྡོ་གས་ཆེ་བ། ས་མཐོའི་ཁྱད་ཆོས་ཀྱི་ཕུག་ལམ་ཨར་ལས་སོགས་ཀྱི་དཀའ་གནད་སེལ་ནས་ལོ་ངོ་གསུམ་གྱི་རིང་ལ་འཛུགས་སྐྲུན་མཁན་གྱིས་དཀའ་སྤྱད་འབད་འཐབ་བྱས་རྗེས། 2018ལོའི་ཟླ་དང་པོའི་ཚེས་17ཉིན། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་དངོས་སུ་ཤར་བགྲོད་ཐུབ་པ་རེད།
བསམ་གྲུབ་གླིང་ཕུག་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ་16.449ཡོད་ལ། 2014ལོའི་ཟླ་12པར་ཕུག་ལམ་བཏོད་འགོ་བརྩམས་པ་དང་། འདི་ནི་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་གཙོ་གནད་ཀྱི་ཕུག་ལམ་ཞིག་ཡིན་པ་རེད། བསམ་གྲུབ་གླིང་ཕུག་ལམ་དུ་བྲག་རྡོ་གས་ཆེ་བ་དང་། ས་མཐོའི་ཚ་བ་ཆེ་བ། ཆུ་ཚན་སོགས་ཡོད་པས། Iརིམ་པའི་ཉེན་ཁ་ཆེན་པོའི་ཕུག་ལམ་ཞིག་རེད། དེའི་ཁྲོད་དུ། ལས་རིམ་ལ་ཤུགས་རྐྱེན་ཆེས་ཆེ་བ་ནི་ས་མཐོའི་ཚ་བ་ཆེ་བ་དེ་ཡིན་ལ། བྲག་རྡོའི་དྲོ་ཚད་ཆེས་མཐོ་བའི་དུས་སུ་ཏུའུ་89.9ཟིན་གྱི་ཡོད་པ་དང་། ཕུག་ལམ་ནང་གི་དྲོ་ཚད་མཐོ་དུས་སུ་ཏུའུ་56ཟིན་གྱི་ཡོད།
ཀྲུང་གོའི་ལྕགས་ལམ་ཀུང་སི་ཅུད་ལྔ་པའི་བསམ་གྲུབ་གླིང་ཕུག་ལམ་ལས་གཞིའི་འགན་ཁུར་བ་ཀྲུའུ་ཞུས་རེན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ལས་མི་ཚོས་རླུང་འཁོར་ཤུགས་ཆེན་འཕྲུལ་ཆས་དང་རང་འགུལ་བརླན་བྱེད་འཕྲུལ་ཆས། ཕུག་ལམ་ནང་དུ་འཁྱགས་རོམ་འཇོག་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ལས་ཀ་བྱས་པ་རེད། ཕུག་ལམ་ལས་རིམ་གྱི་ཉེན་ཁ་གཞན་པ་ཞིག་ནི་བྲག་རྡོ་གས་ཆེ་བ་དེ་རེད། བྲག་རྡོ་གས་པའི་དུས་སུ་བྲག་རྡོ་ཆུང་ངུར་གས་ཏེ་རིང་ཚད་སྨི་25ཙམ་ཐོར་འགྲོ་བས། ལས་རིམ་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བ་རེད། ལས་མིས་བྲག་རྡོ་འབར་གས་ཀྱི་ཆེད་ལས་ཐབས་ལམ་སྤྱད་དེ་ལས་རིམ་བདེ་འཇགས་ཡོང་བའི་ཁག་ཐེག་བྱས་པ་རེད།
ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུ་ནི་ལྷ་ས་གྲོང་ཁྱེར་ནས་འགོ་ཚུགས་པ་དང་ཉིང་ཁྲི་གྲོང་ཁྱེར་དུ་མཇུག་རྫོགས་ཡོད་ཅིང་། དེ་ནི་ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་བསྐྲུན་ཡོད་ལ། ལྕགས་ལམ་གྱི་མ་ལམ་རིང་ཚད་ལ་སྤྱི་ལེ་402ཡོད་པས། བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པ་རེད། དེའི་ཁྲོད་དུ་ཟམ་པ་དང་ཕུག་ལམ་གྱི་ལམ་དུམ་ནི་སྤྱི་ལེ་301ཟིན་ཡོད་པ་རེད། ད་ལྟ། ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ་དང་ཕུག་ལམ་གྱི་ལས་རིམ་ནི་དཀའ་གནད་སྒྲོལ་བའི་དུས་རིམ་ལ་སླེབས་ཡོད་པ་རེད།