སིལ་ཏོག་ཨ་མྲ་འབྲ་གོ་རྒྱབ་ནང་མེད་ལ་ཞིམ་བྱུང་།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-01-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 


ང་ལོ་ཆུང་ཆུང་གི་དུས་སུ་ལོ་གསར་ཁར་ངའི་ཨ་ཕ་རྒྱལ་ཐང་ལ་སོང་ནས་ལོ་གསར་གྱི་ཉེར་མཁོ་རྒྱག་འགྲོ་དགོས་པ་དང་།  ལོ་གསར་གྱི་ཉེར་མཁོ་ནང་ཨ་མྲའི་འཁུར་བ་ནི་མ་ཉོས་ན་མི་རུང་པའི་ཚོང་ཟོག་ཞིག་ཡིན་པ་རེད།  ཐེངས་དང་པོར་ཨ་མྲའི་འཁུར་བ་མཐོང་ཞིང་། རྗེས་ནས་ང་ལོ་ཆེན་པོར་ཆགས་རྗེས་གཞོན་ནུ་ཕོ་མོ་བར་གྱི་གཞས་མོ་གཏོང་བར་ཉན་རྒྱུ་དགའ་བོ་བྱུང་ཡོད།    གཞས་མོའི་ནང་ལ་སིལ་ཏོག་ཨ་མྲ་འབྲ་གོའི་གཞས་ཚིག་ཡོད་པ་ལ།  གཞས་ཀྱང་འདི་འདྲ་ལེན་ཚུལ་ཡོད་པ་སྟེ།

སྟར་ག་ནང་ལ་ཞིམ་བྱུང།།

ཁམ་བུ་རྒྱབ་ལ་མཛེས་བྱུང་།།

སིལ་ཏོག་ཨ་མྲ་འབྲ་གོ།

རྒྱབ་ནང་མེད་ལ་ཞིམ་བྱུང་།།

 

 

འབྲི་ཆུའི་རི་གྲོང་དང་ལུང་ཁུག་གི་རྣམ་པ།

 



རྫ་ཆུའི་རི་གྲོང་དང་ལུང་ཁུག་གི་རྣམ་པ།


 


 


དམར་སེར་ཐིང་ཐིང་གི་ཨ་མྲའི་འབྲས་བུ།

དགུན་ཤར་བའི་དུས་སུ། བདེ་ཆེན་གྱི་མངའ་ཁོངས་སུ་འབྲི་ཆུ་དང་རྫ་ཆུ་རྒྱུག་ཁུལ་གྱི་རི་གྲོང་དང་ལུང་ཁོག་དུ་ཨ་མྲ་འབྲ་གོའི་ཤིང་སྡོང་ཐོག་ཁ་དོག་དམར་སེར་ཐིང་ཐིང་གི་འབྲས་བུ་གང་བཏགས་ཡོད་པས་རི་གྲོང་དང་ལུང་ཁོག་ལ་མཛེས་སྡུག་ལྡན་པའི་གཟབ་རྒྱན་སྤྲོས་ཡོད་པ་དང་འདྲ། 

སིལ་ཐོག་ཨ་མྲ་འབྲ་གོ་ནི་བདེ་ཆེན་ས་ཁུལ་དུ་བཞུར་བཞིན་པའི་འབྲི་ཆུ་དང་རྫ་ཆུ་ཁའི་ཚ་ཁུལ་གྱི་ཤིང་རིགས་གཙོ་བོ་ཞིག་རེད།   ཤིང་ཆེན་རིགས་ཀྱི་ལོ་མ་སྐྱུར་བའི་ལྗོན་ཤིང་། ཤིང་ལས་སྐྱེས་པའི་སིལ་ཏོག་ཨ་མྲ་འབྲས་བུ་འཇོང་དབྱིབས། ཁ་དོག་དམར་སེར། རོ་མངར་བ།  འབྲས་བུ་འཇོང་ལེབ་མཁལ་དབྱིབས་སོགས་ཡོད་པ་རེད།

ཨ་མྲའི་འཁུར་བ་ནི་སིལ་ཐོག་ཨ་མྲ་འབྲ་གོ་ལས་བཟོས་པའི་བཅའ་བ་ཞིག་རེད།   རྒྱལ་ཐང་ས་ཁུལ་དུ་བོད་ཀྱི་ཡུལ་མི་རྣམས་ཀྱིས་ལོ་གསར་གནམ་གང་ཚེས་གཅིག་དུ་ཨ་མྲའི་འཁུར་བས་ལྷ་ལ་མཆོད་བཤམས་བྱེད་སྲོལ་ཡོད་པ་མ་ཟད།   ལོ་གསར་ནང་མགྲོན་མོ་ལ་སྟོན་སྲོལ་ཡང་ཡོད་པ་རེད།

 

འབྲས་བུ་འཁུར་གྱིས་ལྗིད་པའི་ཤིང་ཏོག་ཨ་མྲ།


 


 

 

ཨ་མྲའི་འཁུར་བ།