རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-24   རྩོམ་ཁུངས།    མི་དམངས་དྲ་བ།
ཟླ་1ཚེས་21ཉིན་གྱི་དགོང་མོར།2017ལོའི་མཱ་ཡུན་གྲོང་གསེབ་དགེ་རྒན་གྱི་བྱ་དགའ་སྩོལ་བའི་མཛད་སྒོ་ཧའེ་ནན་ཞིང་ཆེན་གྱི་སན་ཡཱ་གྲོང་ཁྱེར་དུ་འཚོགས་ཤིང་། གྲོང་གསེབ་ཀྱི་དགེ་རྒན་100མི་རེར་མི་དམངས་ཤོག་སྒོར་ཁྲི་10ཡི་རོགས་སྐྱོར་དང་ལོ་3རྒྱུན་མཐུད་ཀྱི་ཆེད་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཐོབ་པ་དང་།དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་བོད་རིགས་དགེ་རྒན་3ལ་དགེ་རྒན་ཕུལ་བྱུང་གི་མཚན་སྙན་ཁྱད་པར་ཅན་འདི་ཐོབ་པ་རེད།
མཱ་ཡུན་གྲོང་གསེབ་དགེ་རྒན་གྱི་བྱ་དགའ་འདི་ནི་དང་ཐོག་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་ནས་2016ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན་བཅུ་གསུམ་དུ་འཕར་བ།2017ལོར་ཞང་ཀང་དང་ཨའོ་མོན། ཐའེ་ཝན་གསུམ་ཕུད་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་31ལ་ཁྱབ་ཡོད་པ་རེད།ལོ་གསུམ་རིང་ལ་བདམས་ཐོན་བྱུང་བའི་དགེ་རྒན་གྱི་བྱ་དགའ་ཐོབ་མཁན་ཚོའི་ཆ་སྙོམས་ལོ་ཚད་ནི་ལོ་37.5ཡིན་པ་དང་།གྲོང་གསེབ་ཀྱི་ལས་ཡུལ་དང་པོར་སློབ་ཁྲིད་བྱེད་འགན་ཁུར་བའི་ཆ་སྙོམས་སློབ་ཁྲིད་ལོ་ཚད་ནི་ལོ་17ལོན་པ། ཁོང་ཚོ་ཡོད་པའི་སློབ་གྲྭ་ནི་རྫོང་མཁར་བར་དུ་ཆ་སྙོམས་ལམ་ཐག་སྤྱི་ལེ་53ཡོད་པ་མ་ཟད། རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གིས་50%ཟིན་ཡོད་པ་རེད།
2015ལོར།མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས"མཱ་ཡུན་གྲོང་གསེབ་དགེ་རྒན་གྱི་འཆར་གཞི"ལག་ལེན་བསྟར་འགོ་བརྩམས་ནས་ལོ་རེར་གྲོང་གསེབ་ཀྱི་དགེ་རྒན་100ལ་བྱ་དགའི་དངུལ་རོགས་སྐྱོར་དང་ལོ་3རྒྱུན་མཐུད་ཀྱི་ཆེད་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དངུལ་བསྡོམས་འབོར་སྒོར་ཁྲི་1000རེ་འདོན་སྤྲོད་གནང་བ་རེད།དེ་རྗེས།མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་གྱིས་ཡང་བསྐྱར་སྔ་རྟིང་དུ"མཱ་ཡུན་གྲོང་གསེབ་སློབ་གྲྭའི་སློབ་གཙོའི་འཆར་གཞི"དང“མཱ་ཡུན་གྲོང་གསེབ་ཀྱི་དགེ་འོས་སློབ་མའི་འཆར་གཞི"གཉིས་ཁྱབ་བསྒྲགས་བྱས་ཏེ་སོ་སོར་ལོ་10ནང་མ་དངུལ་སྒོར་དུང་ཕྱུར་2བཏང་ནས་ཀྲུང་གོའི་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གཙོ་ཕུལ་བྱུང་འཚོལ་བ་དང་རྒྱབ་སྐྱོར་བྱ་རྒྱུ་དང་།དེ་བཞིན་ལོ་10ནང་ཉུང་མཐར་ཡང་མ་དངུལ་སྒོར་དུང་ཕྱུར་3བཏང་ནས་སློབ་དུས་འདིའི་དགེ་འོས་སློབ་ཐོན་སློབ་མ་ཕུལ་བྱུང་བདམས་ཏེ་འབྱུང་འགྱུར་གྱི་གྲོང་གསེབ་སློབ་གསོ་པ་གསོ་སྐྱོང་བྱེད་རྒྱུའི་འཆར་གཞི་བཀོད་པ་རེད།
2017ལོའི་ཟླ་12ཚེས་1ཉིན།ཨ་ལི་པཱ་པཱ་ཡིས་དབུལ་སྒྲོལ་གྱི"དུང་བརྡ"བཏང་ནས་ལོ་ལྔ་རིང་དངུལ་སྒོར་དུང་ཕྱུར་100གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་དང་།མཱ་ཡུན་གྱིས་ད་དུང་ཨ་ལིའི་མཐོ་རིམ་དོ་དམ་པ་ཚང་མར་དབུལ་སྒྲོལ་ལས་འགན་དམིགས་བཙུགས་བཀོད་མངག་བྱས་ཤིང་། དེའི་ནང་མཱ་ཡུན་རང་ཉིད་ཀྱི་ལས་འགན་ནི"སློབ་གསོ་ཡིས་དབུལ་སྒྲོལ"བྱེད་རྒྱུ་རེད། བྱ་དགའ་སྩོལ་བའི་མཛད་སྒོ་འཚོགས་པའི་ཉིན་དེའི་ཉིན་གུང་ལ།མཱ་ཡུན་གྱིས་ད་དུང་ཁེ་ལས་པ་80ལྷག་ཙམ་གདན་ཞུ་གནང་སྟེ"སློབ་གསོ་ཡིས་དབུལ་སྒྲོལ"བྱེད་རྒྱུའི་སྐོར་གྲོས་མོལ་བྱས་ནས་གྲོང་གསེབ་ཀྱི་ཞག་སྡོད་སློབ་གྲྭའི་རིམ་པ་སྤར་བ་དོན་འཁྱོལ་ཡང་དངོས་སུ་གནང་བ་རེད།
བྱ་དགའ་ཐོབ་རྗེས་ཀྱི་ཚོར་གཏམ།བསྟན་འཛིན་དཔའ་མོ།1985ལོའི་ཟླ་བ་དང་པོར་སྐྱེས།ད་ལྟ་གཞིས་ཀ་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་ཕུ་གསུམ་ཤང་ལྟེ་བའི་སློབ་ཆུང་དུ་དགེ་རྒན་བྱེད་བཞིན་ཡོད་ཅིང་།གྲོང་གསེབ་ཀྱི་སློབ་གསོ་ལས་དོན་བསྒྲུབས་ནས་ལོ་དགུ་ཕྱིན་ཡོད་པ་རེད། སྔ་གཞུག་ཏུ་ཕུལ་བྱུང་དགེ་རྒན་དང་། ཇོ་རིའི་དགེ་རྒན་བཟང་པོ།སློབ་ཁྲིད་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་སོགས་ཀྱི་གཟེངས་བསྟོད་ཐོབ་མྱོང་བ་རེད།
ཚོར་གཏམ།དགེ་རྒན་ཞེས་པ་ནི་ཕྲུ་གུ་སྔར་ལས་མང་པོར་རེ་བ་སྦྱིན་ཐུབ་པའི་ལས་ཀ་ཞིག་ཡིན་པ་དང་།ལྷག་པར་དུ་གྲོང་གསེབ་ཏུ་ཕྱིན་ཏེ་ཆུང་དུས་ནས་གྲོང་གསེབ་རི་ཁུལ་དུ་འཚོ་བ་སྐྱེལ་བ་དང་རྩྭ་ཐང་ཐོག་འཚོ་བ་སྐྱེལ་བའི་ཕྲུ་གུ་ཚོར་སློབ་གསོ་བཏང་ནས་ཁོང་ཚོ་ནི་ང་རང་དང་འདྲ་བར་ཤེས་བྱ་སྔར་ལས་མང་བ་ཐོབ་པ་མ་ཟད།གྲོང་གསེབ་རི་ཁུལ་ནས་ཐོན་ཏེ་ཕྱི་རོལ་གྱི་འཇིག་རྟེན་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་རེད།
ཕུན་ཚོགས་ཚེ་རིང་།1976ལོའི་ཟླ་བ་7པར་སྐྱེས།ད་ལྟ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་སྨན་མདའ་ཤང་ལྟེ་བའི་སློབ་ཆུང་གི་སློབ་གཙོ་དང་དགེ་རྒན་ཡིན་ཞིང་།གྲོང་གསེབ་ཀྱི་སློབ་གསོ་ལས་ཀ་བསྒྲུབས་ནས་ལོ་22ཕྱིན་ཡོད་པ་རེད།སྔ་གཞུག་ཏུ་ཆབ་མདོ་གྲོང་ཁྱེར་གྱི་ཕུལ་བྱུང་སློབ་གཙོ་ལ་སོགས་པའི་བྱ་དགའ་སྣ་ཚོགས་ཐོབ་མྱོང་།ཁོང་གིས་ལོ་བཅུ་ལྷག་རིང་འབད་བརྩོན་ལྷོད་མེད་བྱས་པའི་འོག་སྨན་མདའ་ཤང་ལྟེ་བའི་སློབ་ཆུང་གི་སློབ་མའི་གྲངས་འབོར་དང་ཐོག་གི་སློབ་མ་40ལས་མེད་པ་ནས་ད་ལྟའི་སློབ་མ་520ལྷག་ཡོད་པར་གྱུར་པ་རེད།
ཚོར་གཏམ། ལས་དོན་འདི་སྒྲུབ་པའི་ཆེད་དུ་ཡིན་ཞེས་བཤད་པ་ལས། རང་ཉིད་ཀྱི་ཐོག་མའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་སློབ་གྲྭར་འགྲོ་འདོད་ཡོད་མཁན་ཕྲུ་གུ་སྔར་ལས་མང་བར་སེམས་ཁྲལ་མེད་པ་དང་མགོ་འཐོམ་དུ་མི་འཇུག་པར་བྱེད་ཆེད་ཡིན་ཞེས་བཤད་ན་བདེན། ང་རང་གི་ལས་ཀ་ནི་སྤྱིར་བཏང་པ་ཞིག་ཡིན་མོད། ཡིན་ནའང་ང་རང་གིས་གྲོང་གསེབ་ཀྱི་སློབ་གསོ་ལས་ཀ་སྒྲུབ་རིང་རང་ཉིད་ཀྱི་མི་ཚེ་རིན་ཐང་མངོན་འགྱུར་བྱུང་ཡོད།ཞིང་འབྲོག་ཁུལ་གྱི་ཕྲུ་གུ་གྲངས་ལས་འདས་པས་ང་རང་གི་སློབ་ཁྲིད་ནས་ཤེས་བྱ་དང་རིག་གནས་སྦྱོང་ཐུབ་པ་དང་། མི་བཟང་པོ་ཞིག་བྱེད་དགོས་ཤིང་། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་དགོས་དོན་ཤེས་པའི་སྐབས་འདི་ནི་ང་རང་ལ་བདེ་སྐྱིད་ཆེ་ཤོས་དང་ཐོབ་པ་མང་ཤོས། དགའ་སྤྲོ་ཆེ་ཤོས་བཅས་ཡིན།
རྡོ་རྗེ་རྒྱ་མཚོ། 1984ལོའི་ཟླ་བ་8པར་སྐྱེས། ཆབ་མདོ་གྲོང་ཁྱེར་ནས་ཡིན་ལ། ད་ལྟ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་འཁོར་ཆེན་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་དང་སློབ་གཙོ་རེད།2005ལོར་སློབ་ཆེན་ནས་ཐོན་རྗེས་ཀྱི་ལས་ཀ་དང་པོ་ནི་འཁོར་ཆེན་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་བྱས་པ་ཡིན་ཞིང་།ལས་ཀ་འདི་མཚམས་ཆད་མེད་པར་ལོ་བཅུ་གཉིས་བྱས་ཤིང་།སྔ་གཞུག་ཏུ་ཆབ་མདོ་གྲོང་ཁྱེར་གྱི"ཕུལ་བྱུང་སློབ་གཙོ"ལ་སོགས་པའི་གཟི་བརྗིད་གཟེངས་བསྟོད་མང་པོ་ཐོབ་མྱོང་།
ཚོར་གཏམ། གྲོང་ཁྱེར་གྱི་ཕྲུ་གུ་ཚོའི་ངོས་ནས་བཤད་ན། དགེ་རྒན་ང་རང་ལྟ་བུ་ནི་ཡོད་ཀྱང་རུང་ལ་མེད་ཀྱང་རུང་བ་ཞིག་རེད།ང་རང་གིས་རང་ཉིད་དགོས་མཁོ་ཆེ་བའི་ས་གནས་སུ་ལས་ཀ་བྱེད་འདོད་དེ་བས་ཆེ་བ་དང་།འབྲོག་ཁུལ་གྱི་བྱིས་པ་སྔར་ལས་མང་པོ་ཕྱི་རོལ་དུ་བགྲོད་ཐུབ་པར་བྱེད་འདོད་ཡོད།སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་ཇི་ལྟར་གཏོང་བ་དང་། འབྲོག་ཁུལ་གྱི་བྱིས་པ་ཚོ་སྔར་ལས་བློ་གྲོས་ལྡན་པ་དང་། སྔར་ལས་རང་ལ་ཡིད་ཆེས་ཆེ་བར་བྱེད་རྒྱུ་འདི་ནི་ང་རང་གིས་འབྱུང་འགྱུར་འབད་བརྩོན་བྱེད་དགོས་པའི་ལས་ཀ་ཡིན།