ལུས་རྩལ་སྦྱོང་བརྡར་མཉེན་ཆསKeepངོ་སྤྲོད།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2018-01-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 བདེ་ཐང་ནི་རྟག་བརྟན་གྱི་བརྗོད་གཞི་ཞིག་དང་།མིའི་རིགས་ཀྱི་ནམ་ཡང་མཚམས་མི་འཇོག་པའི་འཚོལ་སྙེག་ཅིག་ཀྱང་ཡིན།   མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་སོང་བ་དང་བསྟུན་ནས།བདེ་ཐང་གི་ཕྱོགས་ལ་དོ་སྣང་དང་ངོས་འཛིན་བྱེད་ཚད་ཀྱང་ཇེ་བཟང་དུ་སོང་ཡོད།  འདིར་རྒྱ་ཆེའི་དྲ་གྲོགས་ཡོངས་ལ་ལུས་སྦྱོང་སྐོར་གྱི་མཉེན་ཆས་ཤིག་ངོ་སྤྲོད་བྱེད་རྒྱུ་ཡིན་པས།  ཁྱེད་ཀྱི་དགོས་མཁོའི་ཐུགས་འདུན་དང་འཚམས་པར་སྨོན།   

        Keepནི་ལུས་རྩལ་སྦྱོང་བརྡར་སྐོར་གྱི་མཉེན་ཆས་ཤིག་ཡིན་ཞིང་།  ཀུ་ཤུའིApp Storeལོ་འཁོར་གྱི་རྒྱུགས་ཆེ་བའི་ཕུལ་བྱུང་མཉེན་ཆས་ཁྲོད་དུ་བདམས་ཡོད།  མཉེན་ཆས་འདིའི་ནང་དུ་གཙོ་བོ་ལུས་སྦྱོང་གི་སློབ་ཁྲིད་བྱས་ནས།  ཞོར་དུ་རྐང་ཐང་དང་འདུར་རྒྱུག   རྐང་འཁོར་ཞོན་པ།   གྲོགས་སྒྲིག་པ།   ཟས་རིགས་བདེ་ཐང་སོགས་ཀྱི་སློབ་སྟོན་ཤེས་བྱ་བྲིས་ཡོད་པ་ཞིག་རེད།    2015ལོའི་ཟླ2པར་དངོས་སུ་དྲ་བའི་སྟེང་སྤྱོད་འགོ་ཚུགས་པ་ནས་ད་ལྟའི་བར་དུ་མཉེན་ཆས་འདིས་མི་དུང་ཕྱུར་གཅིག་ལྷག་གི་འཚོ་བ་དང་ལུས་སྦྱོང་གོམས་གཤིས་ལ་ཤུགས་རྐྱེན་ཐེབས་ཡོད་པར་བརྗོད་ཡོད། 

  མཉེན་ཆས་འདིར་རིམ་པ་མི་འདྲ་བ་དང་དགོས་མཁོ་མི་འདྲ་བའི་མི་སྣས་རང་ཉིད་དང་འཚམས་པའི་བརྙན་རིས་ཀྱི་ལུས་སྦྱོང་སློབ་ཁྲིད་འཚོལ་བཤེར་དང་ཕབ་ལེན་བྱས་ཆོག་ཅིང་།   ནང་དོན་ཆ་ཚང་བའི་སློབ་ཁྲིད་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་སྒོས་ཡང་དག་པའི་ལུས་སྦྱོང་བྱས་ཆོག་པ་རེད།    དཔེར་ན་བྱ་བའི་དབང་གིས་འགུལ་སྐྱོད་བྱས་པ་ཉུང་དྲགས་ནས་སྐེ་ཚིགས་དང་རྒྱབ་སོགས་ན་བ་ཡིན་ན་མཉེན་ཆས་འདིའི་ནང་དུ་གཞུང་ལས་ཁང་གི་སྦྱོང་བརྡར་ཞེས་པའི་སློབ་ཁྲིད་ཡོད་ཅིང་དེའི་བརྙན་རིས་སློབ་ཁྲིད་གཞིར་བཟུང་ནས།    ལུས་རྩལ་སློབ་སྟོན་པའི་འགུལ་སྐྱོད་ལྟར་རང་ཉིད་ཀྱིས་ཀྱང་སྦྱོང་བརྡར་བྱས་ན་ལུས་པོ་ཇེ་ཡང་དང་ངལ་དུབ་སེལ་བར་ཕན་ཐོགས་མི་ཉུང་བ་ཞིག་ཡོད་འདུག    ཡང་དཔེར་ན་རྒྱུན་པར་རྐང་ཐང་དུ་འགྲོ་རྒྱུར་དགའ་བ་ཞིག་ཡིན་ན་མཉེན་ཆས་ནང་གི་རྐང་ཐང་གི་འགོ་རྩོམ་པའི་ཚུལ་ལ་ཞུགས་ན།   གོམ་པ་ག་ཚོད་སོང་བ་དང་ལམ་ཐིག་སོགས་ཀྱི་གནས་ཚུལ་འཆར་ཡོང་བས་ལུས་རྩལ་བདེ་ཐང་ལ་རོགས་རམ་མི་ཉུང་བ་གནང་ཐུབ་འདུག     གཞན་ལུས་སྦྱོང་སྔོན་གྱི་འགུལ་སྐྱོད་དང་།    རྐང་ཚིགས་སྔོན་འགོག    ལག་མཛུབ་སྦྱོང་བརྡར།  ཕྱོགས་བསྡུས་སྦྱོང་བརྡར།    རྒྱབ་ཚིགས་སྒུར་བ་ལེགས་བཅོས།   ཞོགས་པའི་སྦྱོང་བརྡར།  རྩ་འཐེན་བརྐྱངས།   པུས་མོའི་སྦྱོང་བརྡར། བདེ་ཐང་ཟས་རིགས་ངོ་སྤྲོད་སོགས་ཀྱི་གནས་ཚུལ་མང་པོ་ཞིག་འདུས་ཡོད་པས་ཞིབ་ཏུ་སྤྱོད་མཁན་རང་ཉིད་ཀྱིས་རང་གི་དགོས་མཁོ་དང་བསྟུན་ནས་ཕབ་ལེན་བྱེད་པར་འཚལ། 

 



 

  སྐར་མ་གཉིས་དང་ལྔ། ཡང་ན་སྐར་མ་ཉི་ཤུག་ལྷག་གི་ལུས་སྦྱོང་བྱས་ཚར་རྗེས་སྤྱོད་མཁན་གྱིས་རང་གི་མྱོང་བ་དང་བསམ་ཚུལ་སོགས་མཉེན་ཆས་ནང་དུ་སྤེལ་ཆོག་ཅིང་ལུས་སྦྱོང་ལ་བྱང་ཆ་ཡོད་པའི་མི་རྣམས་ལ་སྐད་བཞག་ནས་ཁ་བརྡ་ཡང་བྱས་ཆོག་པ་མ་ཟད།   ད་དུང་སྐད་འཕྲིན་དང་པོད་འཕྲིན་སོགས་ལ་བརྒྱུད་བསྐུར་བྱས་ནས་རྒྱ་ཆེའི་དྲ་གྲོགས་ཡོངས་ལ་རང་ཉིད་ཀྱི་ལུས་སྦྱོང་གི་སྤྲོ་སྣང་སོགས་མཉམ་སྤྱོད་བྱས་ཏེ་འབྲེལ་འདྲིས་ཅི་རིགས་ཀྱང་བྱས་ཆོག  འདིར་སྤྲོ་བ་ཡོད་པའི་དྲ་གྲོགས་ཚོས་ཁ་པར་དང་ཡང་ནipadསོགས་ནས་keepམཉེན་ཆས་འཚོལ་བཤེར་བྱས་ཏེ་ཕབ་ལེན་བྱས་ཆོག་པ་རེད།