ཁམས་ཀྱི་ན་གཞོན་རྩོམ་པ་པོ་བཞག་སྲས་ཀྱི<<འུར་རྡོ>>སྒོར་ཐོན་ཡོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-30   རྩོམ་ཁུངས།    ཁམས་པའི་བོད་ཡིག་དྲ་བ།


    ཉེ་ཆར་ཁམས་ཀྱི་ན་གཞོན་རྩོམ་པ་པོ་མི་ཉག་བཞག་སྲས་ལགས་ཀྱི་བརྩམས་དེབ་གསར་པ<<འུར་རྡོ>>ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་ཏེ་ལྗོངས་ཞིང་ལྔའི་ས་ཆ་སོ་སོར་བཀྲམ།


    བརྩམས་དེབ<<འུར་རྡོ>>ཞེས་པ་འདི་ནི།རྩོམ་པ་པོ་བཞག་སྲས་ལགས་ཀྱིས<<ན་གཞོན་སྙིང་སྟོབས>>པར་དུ་བསྐྲུན་པའི་རྗེས་སུ་བྲིས་པའི་ཚིགས་བཅད་རྩོམ་ཡིག་རྣམས་ལས།ལེགས་བསྡུས་དང་གཅེས་བཏུས་ཀྱིས།སྤྱི་ལོ2017ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས"ཞིང་འབྲོག་རིག་མཛོད"ཀྱི་ལས་གཞིའི་གྲངས་སུ་གདམས་པའི་ཁམས་ཀྱི་སྙན་དེབ་གཅིག་པུ་དེ་རེད།བརྩམས་དེབ་འདིར་རྟོག་འགྱུ་ཟོར་མོ་སྒང་སླ་དང་།སྣང་ཚོར་ཐི་གུ་ཁྲ་ལེ། དུངས་ཞེན་ཆུ་མིག་དགུ་སྒྲིལ་བཅས་དུམ་ཚན་གསུམ་གྱིས་གྲུབ་པར་བྱས་འདུག་ལ།དེ་དག་རྩོམ་པ་པོའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུ་བ་རྣམས་དམ་དུ་བསླས་ཏེ།གདོད་མའི་བོད་ཀྱི་མངའ་མཛད་དགུ་པ་གནོད་སྦྱིན་ནག་པོའི་དུས་ནས་ཡོད་པའི་བོད་རང་གི་ལག་ཆ"འུར་རྡོ"དང་མཚུངས་པར།རྩོམ་གཤིས་དང་རྗོད་སྟངས།ཡིད་བརྙན་འདོན་ལུགས་ཀུན་ལ་རང་མི་རིགས་ཀྱི་ཁྱད་ཆོས་སྔོགས་ཅི་ནུས་ཀྱིས།སྲོལ་རྒྱུན་ཚིགས་བཅད་ཀྱི་ཚིག་རིས་འགྲོ་སྟངས་གཞིར་བཞག་པ་ལ།དཔེ་འདྲེན་དང་མཚོན་ཚུལ་རྣམས་རྣམ་པ་གསར་པས་ཟུར་བརྒྱན་ཏེ།ད་ལྟའི་སྐད་དུ"བཅད་གསར"ཞེས་འབོད་པ་དེ་ཁོ་ནས་གྲུབ་པར་བགྱིས་པའི་བརྩམས་ཆོས་གསར་པ་ཞིག་ལགས་སོ།།