རྒྱལ་སྤྱིའི་བོད་སྨན་དང་ཀྲུང་ལུགས་སྨན་རྒྱུའི་ཁྲོམ་ར་བསྐྲུན་རྒྱུ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-30   རྩོམ་ཁུངས།    མི་དམངས་དྲ་བ།

    འབྱུང་འགྱུར་ལོ་ལྔ་ཡི་རིང་བོད་ཀྱིས་ས་མཐོའི་སྐྱེ་དངོས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་ཁྲོད་བོད་སྨན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཚུད་ཡོད།མིག་སྔར་རྒྱལ་སྤྱིའི་བོད་སྨན་དང་ཀྲུང་ལུགས་སྨན་རྒྱུའི་ཉོ་ཚོང་གྲོང་མགྱོགས་མྱུར་བསྐྲུན་རྒྱུ་དེ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་2018ལོའི་ལས་དོན་བཀོད་སྒྲིག་ནང་བཅུག་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།བོད་ལྗོངས་ནི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས་རྒྱལ་སྤྱིའི་བོད་སྨན་དང་ཀྲུང་ལུགས་སྨན་རྒྱུའི་ཉོ་ཚོང་ཁྲོམ་ར་བསྐྲུན་པར་ཕྱོགས་གཅིག་ནས་བོད་སྨན་ཐོན་ལས་གཞི་ཁྱོན་ཅན་འཕེལ་རྒྱས་ལ་ཕན་པ་ཐོབ་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་དང་ཕྱོགས་གཞན་ཞིག་ནས་བོད་ཀྱིས་སྨན་རྒྱུ་ཕྱི་ཕྱོགས་སུ་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་སྔར་བས་ཁྱབ་ཐུབ་པ་ཡོང་རྒྱུ་རེད།



    སྐལ་བཟང་གཡུ་སྒྲོན་གྱིས་2017ལོར་འབད་བརྩོན་བྱས་པ་བརྒྱུད་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་སྐྱིད་གྲོང་འགག་སྒོ་དང་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་འགག་སྒོར་རྒྱལ་ཁབ་ཀྱི་ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན་ཐོབ་ནས་སྨན་རྒྱུ་ནང་འདྲེན་གྱི་འགག་སྒྲོལ་འགག་སྒོ་མང་དུ་བཏང་ཡོད་པ་དེས་རྒྱལ་སྤྱིའི་བོད་སྨན་དང་ཀྲུང་ལུགས་སྨན་རྒྱུའི་ཉོ་ཚོང་གྲོང་བསྐྲུན་རྒྱུར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་པ་རེད་ཅེས་གསུངས།