བོད་ལྗོངས་ནུབ་རྒྱུད་ས་མཐོའི་དར་གོས་འགྲུལ་ལམ་དུ་གནའ་རྫས་དཔྱད་ཞིབ་བྱས་ནས་རིག་དངོས་ཤུལ་བཞག་གལ་ཆེན་གསར་དུ་རྙེད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-01   རྩོམ་ཁུངས།    མི་དམངས་དྲ་བ།

        ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཟླ་1ཚེས་28ཉིན་ཕྱིར་བསྒྲགས་པར་གཞིགས་ན། གནའ་རྫས་རྟོག་ཞིབ་མི་སྣས་བོད་ལྗོངས་མངའ་རིས་རྩ་མདའ་རྫོང་གོམ་སྲུལ་ལ་མགོར་བང་སོ་9སྔོག་འདོན་དང་གཙང་བཤེར་བྱས་ཤིང་། འདི་ནི་བོད་ལྗོངས་ནུབ་རྒྱུད་ས་མཐོའི་དར་གོས་འགྲུལ་ལམ་དུ་རྙེད་པའི་རིག་དངོས་ཤུལ་བཞག་གལ་ཆེན་རེད།

         ངོ་སྤྲོད་བྱས་པར་གཞིགས་ན། ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་བོད་སྐྱོར་གནའ་རྫས་རྟོག་ཞིབ་ལས་དོན་མུ་མཐུད་སྒྲུབ་བཞིན་ཡོད་པ་རེད། 2017ལོར་གནའ་རྫས་རྟོག་ཞིབ་མི་སྣས་བོད་ལྗོངས་མངའ་རིས་རྩ་མདའ་རྫོང་གི་གོམ་སྲུལ་ལ་མགོའི་བང་སོ་སྔོག་འདོན་བྱས་ནས་ཁྱོན་བསྡོམས་བང་སོ་9ལ ་གཙང་བཤེར་བྱས་ཤིང་། དེའི་ཁྲོད་བང་སོ་གཅིག་མཉམ་དུ་སྦེད་པའི་ས་དུང་བང་སོ་ཡིན་པ་ཕུད། དེ་བྱིངས་ཀྱི་བང་སོ་8ཚང་མ་ས་དུང་རྡོ་ཁང་བང་སོ་རེད།

         ས་འོག་ནས་རྫ་རྒྱུ་དང་། རྡོ་རྒྱུ། རུས་རྒྱུ། ཟངས་རྒྱུ། ལྕགས་རྒྱུ། ཤིང་རྒྱུ། ཤེལ་སྒོ། པེ་རྒྱན། པགས་རྒྱུ་སོགས་ཤུལ་བཞག་དངོས་རྫས་རིགས་ཁག་300ལྷག་ཐོན་ཡོད་པ་དང་། མི་རུས་དང་སྲོག་ཆགས་ཀྱི་རུས་པ་100ལྷག་ཙམ་འཚོལ་སྡུད་བྱས་ཡོད་པ་རེད། 

ས་འོག་ནས་ཐོན་པའི་རིག་དངོས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རིགས་འདེད་རགས་ཙམ་བྱས་ན། ས་དུང་རྡོ་ཁང་བང་སོ་8ཀྱི་དུས་རབས་ནི་ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་3པ་ནས་7པའི་བར་ཡིན་པ་དང་། བང་སོ་གཞན་ཞིག་གི་དུས་རབས་ནི་ཅུང་ཕྱི་བའི་ཧན་ཅིན་རྒྱལ་རབས་སུ་རེད།


 


 

        བོད་སྐྱོར་གནའ་རྫས་རྟོག་ཞིབ་རུ་ཁག་གི་རིག་གཞུང་སྣེ་ཁྲིད་པ་དང་། ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཅན་ལིན་གྱིས་བང་སོ་རིགས་དེ་གཉིས་ཀྱི་གྲུབ་ཚུལ་དང་། དུར་སར་འཇུག་སྲོལ། དུར་རྫས་སོགས་ཀྱི་ཁྱད་ཆོས་ལ་བྱང་རྒྱུད་རྩྭ་ཐང་རིག་གནས་ཀྱི་རྒྱུ་རྐྱེན་ཟབ་པོ་མངོན་ལ། ས་ཁུལ་དེ་དང་ཨེ་ཤེ་ཡ་དབུས་རྒྱུད་དང་། ཨེ་ཤ་ཡ་ལྷོ་རྒྱུད། ཤིན་ཅང་སོགས་ས་ཁུལ་བར་རིག་གནས་སྤེལ་རེས་དང་འབྲེལ་གཏུག་བྱེད་ལུགས་མངོན་ཡོད་པས། འདི་ནི་བོད་ལྗོངས་ནུབ་རྒྱུད་ས་མཐོའི་དར་གོས་འགྲུལ་ལམ་གྱི་རིག་དངོས་ཤུལ་བཞག་གལ་ཆེན་ཡིན་ཞེས་བརྗོད་པ་རེད།