ཀྲུང་དབྱང་གི་ཡིག་ཨང་དང་པོའི་ནང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་བཀོད་སྒྲིག་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-07   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན།སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་ཨང་20པ་དང་དུས་རབས་གསར་པ་ཤར་ཚུན་གྱི་ཨང་15པ་ཡིན་པའི“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཨང་དང་པོ་དེ་ཤིན་ཧྭ་གསར་འགྱུར་ཁང་གིས་དབང་ཐོབ་ལྟར་བཀྲམ་པ་རེད།《གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཞེས་འགོ་བརྗོད་དུ་འཁོད་པའི་ཡིག་ཆའི་ནང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

    ཡིག་ཆའི་ནང་བསྟན་དོན།གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་ནི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཐག་གཅོད་བྱ་རྒྱུའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིགམི་དམངས་ཚང་མ་ཐུན་མོང་ཕྱུག་འགྱུར་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་རེད།

    ཡིག་ཆའི་ནང་ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་།གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ།གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་རྒྱུ།གྲོང་གསེབ་ཀྱི་བཅོས་སྒྲིག་མ་ལག་གསར་པ་བསྐྲུན་རྒྱུ།གྲོང་གསེབ་ཀྱི་དམངས་འཚོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ།གྲོང་གསེབ་དར་རྒྱས་ལམ་ལུགས་རང་བཞིན་གྱི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་རྒྱུ།གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུ།གྲོང་གསེབ་དར་རྒྱས་ཀྱི་མ་འཇོག་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་བཀོད་སྒྲིག་བྱས་ཡོད།

    ཡིག་ཆའི་ནང་བསྟན་དོན།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་ཞིང་ལས་དེ་ཡིད་དབང་འཕྲོག་པའི་ཐོན་ལས་དང་།ཞིང་པ་དེ་ཡིད་དབང་འཕྲོག་པའི་ལས་རིགས།གྲོང་གསེབ་དེ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ཁྱིམ་གཞིས་བཅས་སུ་འགྱུར་བ་བྱེད་དགོས།ཡིག་ཆའི་ནང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གྱི་དམིགས་ཚད་དང་ལས་འགན་གཏན་འཁེལ་བྱས་པ་སྟེ།2020ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་བྱས་ཏེ་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་རྩ་བའི་ཆ་ནས་ཆགས་པ་བྱ་རྒྱུ་དང་།2035ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ལས་དོན་ལ་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱས་ཏེ་ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ།2050ལོར་སླེབས་སྐབས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་།ཞིང་ལས་སྟོབས་ལྡན།གྲོང་གསེབ་མཛེས་སྡུག་ལྡན་པ།ཞིང་པ་ཕྱུག་པོ་ཆགས་པ་བཅས་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་རེད།

    ཡིག་ཆའི་ནང་ནན་བཤད་བྱས་དོན།ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།གྲོང་གསེབ་དར་རྒྱས་མངོན་འགྱུར་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ཐུན་མོང་གི་འདུན་པ་དང་ཐུན་མོང་གི་བྱ་སྤྱོད་དུ་བརྩིས་ནས་ངོས་འཛིན་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར་བྱས་ཏེ་ལས་བྱེད་པ་བཀོད་སྒྲིག་བྱེད་པའི་ཐད་སྔོན་ལ་བསམ་བློ་གཏོང་བ་དང་།གཞི་རྒྱུ་བཀོད་སྒྲིག་བྱེད་པའི་ཐད་སྔོན་ལ་བློ་ཡིད་ཚིམ་ཐུབ་པ།མ་དངུལ་གཏོང་བའི་ཐད་སྔོན་ལ་འགན་ལེན།སྤྱི་པའི་ཞབས་ཞུའི་ཐད་སྔོན་ལ་བཀོད་སྒྲིག་བཅས་བྱས་ཏེ་ཞིང་ལས་དང་གྲོང་གསེབ་ཀྱི་ཞན་ཆ་མགྱོགས་མྱུར་གསབ་དགོས།

    ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཧན་ཅུན་གྱིས“འདི་ལོའི་ཀྲུང་དབྱང་གི་ཡིག་ཨང་དང་པོའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུར་དམིགས་ནས་དོན་སྙིང་བརྗོད་པ་དང་།བསམ་ཕྱོགས་གཏན་འཁེལ།ལས་འགན་གཏན་འཁེལ།སྲིད་ཇུས་གཏན་འཁེལ།བླང་བྱ་བཏོན་པ་བཅས་བྱས་ཡོད།ཡིག་ཆའི་ནང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་།ཆབ་སྲིད་འཛུགས་སྐྱོང་།རིག་གནས་འཛུགས་སྐྱོང་།སྤྱི་ཚོགས་འཛུགས་སྐྲུན།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་།ཏང་འཛུགས་སྐྱོང་བཅས་ལ་མངོན་གསལ་ཐོག་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།གྲོང་གསེབ་ཀྱི་བཅོས་སྒྲིག་མ་ལག་དང་བཅོས་སྒྲིག་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ།ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་དེ་ནི་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་རྩེ་རིམ་ཇུས་འགོད་ཅིག་རེད”ཅེས་བརྗོད་བྱུང་།