ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱིད་གསར་དུས་ཆེན་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

       ཚེས་14ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེ་མོར་2018ལོའི་དཔྱིད་གསར་དུས་ཆེན་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལོ་གསར་གྱི་འཚམས་འདྲི་གནང་བ་རེད།

      ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ལོ་གསར་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཕེབས་པ་དང་ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་རེད།

     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་དུས་ཚོད་ནི་དངོས་ཡོད་ཀྱི་དཔང་པོ་ཞིག་རེད། འདས་ཟིན་པའི་ལོ་གཅིག་ནང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། རང་རྒྱལ་གྱི་དཔལ་འབྱོར་ལ་འགྲན་ཟླ་བྲལ་བའི་འཕེལ་རྒྱས་བྱུང་བ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྣེ་མང་པོར་ཚད་བརྒལ་བྱུང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ལག་བསྟར་གཏིང་ཟབ་ཐུབ་པ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་པ། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་མ་ནུས་ལྡན་ཐེབས་པ། རྒྱལ་སྲུང་དང་དཔུང་སྡེ་འཛུགས་སྐྲུན་ཐད་རྣམ་པ་གསར་པ་བཏོད་པ། ཕྱོགས་མང་ཕྱི་འབྲེལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། ཏང་ནན་པོས་སྐྱོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་ཐུབ་པ་བཅས་བྱུང་ཡོད། ལྷག་པར་དུ་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཀྱི་རང་རྒྱལ་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་པ་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱོགས་ཡོངས་ནས་གཏོད་འགོ་ཚུགས་ཡོད་ཅེས་བསྟན་གནང་བ་རེད།

     ཞི་ཅིན་ཕིང་གིས་གྲུབ་འབྲས་དེ་དག་ནི་ཏང་དང་མི་དམངས་ཀྱིས་ཡུན་རིང་འབད་འཐབ་བྱས་པའི་གྲུབ་འབྲས་དང་ཆུ་ཕྲན་འདུས་ནས་གཙང་པོ་ཆགས་པ་ལྟར་ཡིན་པས“ཀྲུང་གོ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོ་ཆུ་ཁོངས་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། ཉེ་རབས་རྗེས་སུ་དཀའ་སྡུག་ཡུན་རིང་མྱོང་བའི་ཀྲུང་ཧྭ་མི་རིགས་ཀྱིས་ཐེངས་བརྒྱ་ཕམ་ཡང་ཡིད་ཐང་མི་ཆད་པའི་འབད་འཐབ་ཁྲོད་ཡར་ལངས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱེད་པའི་རླབས་ཆེའི་མཆོང་སྐྱོད་བྱུང་ཡོད། ཀྲུང་གོའི་རླབས་ཆེའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བཏོད་པ་ཞིག་དང་ཀྲུང་གོ་བ་མི་རབས་ནས་མི་རབས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་འབད་འཐབ་བྱས་ནས་གསར་གཏོད་བྱས་པ་ཞིག་ཡིན། ང་ཚོས་རླབས་ཆེན་མེས་རྒྱལ་འཕེལ་རྒྱས་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་རང་བཙན་དང་སྟོབས་འབྱོར་ལྡན་པར་འགྱུར་རྒྱུར་ལེགས་སྐྱེས་འབུལ་མཁན་དཔའ་བོ་རྒན་གྲས་དང་། དཔེ་བཟང་བ་རྒན་གྲས། འཐབ་འཛིང་པ་རྒན་གྲས།

བློ་མཐུན་རྒན་གྲས་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་གི་ཡིན་ཞེས་ནན་བཤད་གནང་བ་རེད།

     ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པས་རེ་བ་གསར་པ་མཚོན་ཐུབ། 2018ལོ་ནི་ཕྱོགས་ཡོངས་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་འཛུགས་ལོ་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྔ་འཛིན་ཕྱི་གཏོད་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཀྱང་རེད། གནས་ཚུལ་འགྱུར་ལྡོག་མགྱོགས་མྱུར་འགྲོ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་ཕྱོགས་སྐབས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གྱིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས་དམ་འཛིན་དངོས་བྱེད་པའི་དངོས་ཤུགས་དང་། དམ་འཛིན་བྱེད་ཕོད་པའི་ངར་ཤུགས། དམ་འཛིན་བྱེད་མཁས་པའི་ཐབས་ནུས་བཟང་པོ། རྟག་ཏུ་དམ་འཛིན་བྱེད་པའི་སེམས་ཤུགས་བཅས་ཀྱི་ཐོག་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་གཏན་ལ་ཕབ་པའི་བྱ་སྤྱོད་ཀྱི་རྩ་འཛིན་དང་། འཐབ་ཇུས། ལས་ཀའི་བཀོད་སྒྲིག་བཅས་དོན་དངོས་ལ་རིམ་པས་འགྱུར་བ་བྱས་ཏེ་མུ་མཐུད་ང་ཚོས་གཏན་འཁེལ་བྱས་པའི་རླབས་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད།

     ཞི་ཅིན་ཕིང་གིས་དུས་རབས་གསར་པ་ནི་འབད་བརྩོན་བྱེད་མཁན་ཚོའི་དུས་རབས་ཤིག་རེད། ང་ཚོས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ང་ཚོའི་འབད་འཐབ་དམིགས་ཚད་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ཆེད་འབད་འཐབ་ལྷོད་མེད་བྱེད་པ་དང་མི་དམངས་དང་མཉམ་དུ་འབད་བརྩོན་བྱས་ཏེ་འབད་འཐབ་ཀྱི་སྙིང་སྟོབས་དེ་རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་འདུ་འགོད་འཛུགས་སྐྲུན། རླབས་ཆེའི་བྱ་གཞག་ལ་སྐུལ་མ་གཏོང་བ། རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ལག་བསྟར་བྱས་ཏེ་མཐུན་སྒྲིལ་འབད་འཐབ་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ང་ཚོས་གདོང་ལེན་བྱེད་ཕོད་པའི་དཔའ་ངར་དང་རང་ཉིད་གསར་བརྗེ་བྱེད་པའི་འགན་ཁུར་ཕོད་པའི་ཐོག་ནས་ལམ་བུ་གསར་པ་ཞིག་དང་ལམ་བུ་ཡག་པོ་ཞིག་བཏོད་དེ“དུས་རབས་ཀྱི་རྗེས་སུ་སྙེགས་ཐུབ་པ”ནས“དུས་རབས་ཀྱི་སྣེ་འཁྲིད་ཐུབ་པའི”རླབས་ཆེའི་མཆོང་སྐྱོད་མངོན་འགྱུར་ཡོང་བ་བྱེད་དགོས། ད་ཆ་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་མུ་མཐུད་རི་དང་འཕྲད་སྐབས་ལམ་བཟོ་བ་དང་ཆུ་དང་འཕྲད་སྐབས་ཟམ་པ་རྒྱག་པའི་གསར་འབྱེད་ཀྱི་སྙིང་སྟོབས་ཐོག་ནས་རླབས་ཆེའི་སྤྱི་ཚོགས་གསར་བརྗེའི་རྣམ་པ་གསར་པ་གཏོད་པ་དང་རླབས་ཆེའི་རང་ངོས་གསར་བརྗེ་ཆེན་པོ་ཡོང་བ་བྱས་ཏེ་ང་ཚོའི་རྒྱ་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆའི་ཐོག་ཀྲུང་གོ་མི་དམངས་དུང་ཕྱུར་13གྱི་རླབས་ཆེའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས་ལུགས་བཏོན་གནང་བ་རེད།