རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-02-21   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ལྷོ་ཁ་འཕྱོངས་རྒྱས་གར་བྲོ་སྤུན་བདུན་པའི་ལྷ་མོ་ནི་འབག་དཀར་པོའི་ལུགས་ཀྱི་ལྷ་མོ་ཞིག་ཡིན་ལ། དེར་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ཡོད། དེ་ཡང་ཤོད་རྒྱུན་དུ“སྤུན་བདུན་པ”ཞེས་པ་ནི་བོད་ཀྱི་ལྷ་མོའི་ཚོགས་པ་སྔ་ཤོས་ཤིག་ཡིན་པར་གྲགས་ཏེ། སྐབས་དེར་ལྷ་མོའི་སྲོལ་གཏོད་མཁན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བོད་ཀྱི་ཆུ་ཀླུང་དང་གཙང་པོ་ཆེ་ཁག་ལ་ལྕགས་ཐག་གི་ཟམ་པ་གསར་སྐྲུན་གནང་ཆེད། སྐུ་ངལ་འབུམ་ཕྲག་ཁྱད་དུ་བསད་ཅིང་། ཐ་ན་སྐུ་སྲོག་གི་ཉེན་ཁ་ལའང་མ་འཛེམས་པར་བོད་ཡུལ་སྟོད་སྨད་གང་སར་ལྕགས་རིགས་འཚོལ་བསྡུ་དང་སློང་མོ་གནང་བར་ཕེབས། དུས་དེར་སུམ་རྩེན་གནས་ནས་ཕེབས་པའི་ལྷ་མོ་ཞིག་གིས་ཁོང་གི་མཛད་སྤྱོད་རྣམས་གཟིགས་པས་ཐུགས་འགུལ་ཚད་མེད་བྱུང་སྟེ། གྲུབ་ཐོབ་ཁོང་ལ་མནལ་ལམ་དུ་ཡུལ་ལྷོ་ཁ་འཕྱོངས་རྒྱས་ཕྱོགས་སུ“གཅེན་གཅུང་སྤུན་བདུན”(བུ་མོ་སྤུན་བདུན་ཡང་ཟེར)འཚོལ་བར་ཕེབས་དགོས་པའི་ལུང་བསྟན་གནང། ཁོང་གིས་ཀྱང་གནས་དེར་ཕེབས་པས་དངོས་འབྲེལ་ཁ་འབྲས་མཚར་ལ་རྣམ་རིག་བཀྲ་བའི་གཞོན་ནུ་ཕོ་མོ་སྤུན་བདུན་ཡོད་པ་མཁྱེན། དེ་ནས་བཟུང་ཁོང་གིས་གཞོན་ནུ་སྤུན་བདུན་སྒྲིག་འཛུགས་གནང་སྟེ་ལྷ་མོ་འཁྲབ་པའི་སྲོལ་གཏོད་པར་གྲགས། གྲུབ་ཆེན་ཁོང་གིས་སྤུན་བདུན་གྱི་ནང་ནས་ལོ་ན་རྒན་ཤོས་དེས་རྒྱ་ལུ་འཁྲབ་ཏུ་བཅུག་པ་དང་། རྒྱ་ལུ་ཞེས་པ་ནི་དེ་སྔའི་ཚོ་ཁག་གི་འགོ་དཔོན་ཞིག་གི་མིང་ཡིན། དེའི་ཆས་གོས་སུ་མགོ་ལ་དམར་མདོག་ཅན་གྱི་ཞྭ་མོ་འབོག་ཏོ་གྱོན་ཞིང་། ལག་ཏུ་འཁར་རྒྱུག་བཟུང་བའི་རྣམ་པ་ཅན་ཞིག་ཡིན་ལ། དབང་ཆ་དང་གོ་གནས་ངེས་ཅན་ཡོད་པའི་མི་ཞིག་གི་གཟུགས་བརྙན་མཚོན་པ་དང་། རྒྱ་ལུ་ནི་འགོ་སྣེ་ཁྲིད་མཁན་དུ་འཇོག་པ་དང་། དེ་ནས་བུ་མོ་སྤུན་གསུམ་ལྷ་མོ་འཁྲབ་ཏུ་བཅུག བུ་སྤུན་གསུམ་རྔོན་པ་འཁྲབ་ཏུ་བཅུག གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཁོང་ཉིད་ཀྱིས་དགེ་རྒན་གནང་སྟེ། ལྷ་མོའི་འཁྲབ་ཚན་མང་པོ་གསར་བཟོ་མཛད་ནས། བོད་ཀྱི་ས་ཕྱོགས་གང་སར་ལྷ་མོ་འཁྲབ་གནང་བས། ཁོང་ལ་ལྕགས་རིགས་གཙོས་པའི་ཟམ་བཟོའི་རྒྱུ་ཆ་མང་པོ་ཕྱག་སོན་བྱུང་མཐར། ལྕགས་ཐག་གི་ཟམ་པ་མང་པོ་བསྐྲུན་གནང་བ་རེད། གར་བྲོ་སྤུན་བདུན་ལྷ་མོ་ནི་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་ལྷ་སའི་ཞོ་སྟོན་སྐབས་སུ《ཆོས་རྒྱལ་ནོར་བཟང》གི་དུམ་བུ་གཅིག་འཁྲབ་ཆོག་པའི་གཏན་འབེབས་བྱས་རྐྱེན་ཞོ་སྟོན་སྐབས་དེའི་གཞུང་ཆ་ཚང་འཁྲབ་པ་ཅུང་དཀོན་པ་དང་། དེའི་འཁྲབ་སྟངས་དང་ཉམས་འགྱུར་སོགས་ནི་དབུས་ཁུལ་གྱི་ས་ཕྱོགས་གང་སར་ཁྱབ་ཡོད་པ་རེད།