ལོ་གསར་སྐབས་ཀྱི་འཇོལ་གྱི་རྦད་བཤད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ལོ་གསར་ཚེས་བཞི་ཉིན་ནི་གསལ་སྣང་གྲོང་ཚོའི་མཆོད་སྦྱིན་བྱེད་པའི་ཉིན་མོ་ཡིན་ཏེ།གྲོང་མི་ཕོ་མོ་རྒན་གཞོན་རྣམས་ཀྱིས་ལོ་གསར་གྱི་རྒྱན་གོས་སྤྲས་ནས་མི་རབས་ནས་མི་རབས་བར་བརྒྱུད་ཡོང་བའི་སྲོལ་རྒྱུན་གྱི་དུས་ཆེན་དང་།རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་སྙན་ཞུར་ཆོག་མཆན་ཐོབ་པའི་གནས་རིའི་མཆོད་འབུལ་ལ་ཞུགས་པ་རེད།

        ཉིན་འདིར་རྦད་བཤད་དང་འཇོལ་གཞས་་སོགས་འཁྲབ་སྟོན་བྱེད་ལ།སྔ་དྲོར་ཨ་མཆོད་རྣམས་ཀྱིས་ཐེངས་འདིའི་བྱེད་སྒོ་བདེ་ལེགས་ངང་འགྲུབ་པར་གཏོར་མ་བཅོས་ནས་རིམ་གྲོ་བསྒྲུབ་པའི་འགོ་བརྩམས་པ་རེད། 

        རྦད་བཤད་ནི་མཆོད་འབུལ་གྱི་བྱེད་སྒོ་ཞིག་ཡིན་ལ།རང་ཚུགས་ཐུབ་ཡོད་པའི་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་ཞིག་ཀྱང་ཡིན།ཚེས་པ་བཞིའི་ཉིན་གྲོང་ཚོའི་ནང་གི་སྐྱེས་པ་ཚང་མ་བྱེད་སྒོ་འདིར་ངེས་པར་ཏུ་ཞུགས་དགོས་ལ།ཁོ་ཚོས་མགོ་ལ་སོག་ཞྭ་གྱོན་ཤིང་ལག་ཏུ་ཁམས་པའི་གྲི་རིང་བཟུང་ནས་ཉི་འོད་ཁྲོད་ན་གྲི་འོད་ལམ་ལམ་གྱིས་འཁྱུག་བཞིན་པ་མཐོང་ཐུབ།སོག་ཞྭ་ནི་ཝ་ཞྭ་སོགས་ཞྭ་མོ་གཞན་དང་མི་འདྲ་བར་མཆོད་སྦྱིན་གྱི་ཉིན་མོ་འདིར་ཆེད་དུ་གྱོན་དགོས་པའི་ཞྭ་མོ་ཞིག་ཡིན་ལ།གྲི་རིང་ནི་མཆོད་སྦྱིན་སྐབས་ཀྱི་མཚོན་ཆ་ཡིན་པ་རེད། 

        རྦད་བཤད་མཇུག་རྫོགས་རྗེས་སྙན་འཇེབས་ཀྱི་སྐོར་བྲོའི་དབྱངས་རྟ་དང་མཉམ་དུ་ལག་ཏུ་ཚོན་མདོག་སྣ་ལྔའི་ཁ་བཏགས་བཟུང་ནས་སྐོར་བྲོ་འཁྲབ་ཞོར་ཞིང་ལ་ལོ་ལེགས་རྒྱས་ཤིང་འཚོ་བ་བདེ་ཞིང་སྐྱིད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་རེད། 

        སྙན་འཇེབས་ཀྱི་པི་ཝང་གི་དབྱངས་རྟ་རེ་རེས་ས་འདིའི་བོད་པ་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་མཚོན་ཡོད་ལ།སྤྲོ་སྐྱིད་ཀྱི་སྣང་བ་དེ་དགའ་སྤྲོའི་བྲོ་གར་གྱི་སྟངས་སྟབས་ལ་བསྒྱུར་བ་རེད།དེ་ཡང་གྲོང་ཚོའི་ནང་གི་རྒན་རབས་པ་རྣམས་ནི་ཁོ་ཚོའི་བརྩེ་མདངས་ཆེ་བའི་ལྟད་མོ་བ་ཡིན་ལ།བྲོ་འཁྲབ་བཞིན་པའི་ན་གཞོན་འགའ་རེ་ཡང་སྐབས་སྐབས་ལ་ལྟད་མོར་བལྟས་ཡོད་པའི་ལོ་ལོན་གྱི་གྲལ་ལ་ཡོང་ནས་དམངས་ཁྲོད་ཀྱི་གླུ་གཞས་ལ་རྒྱུས་ལོན་བྱེད་བཞིན་ཡོད་ཅིང་།ལོ་ལོན་རྣམས་ཀྱིས་སུན་སྣང་ཏོག་ཙམ་ཡང་མེད་པའི་སྒོ་ནས་ཡང་དང་བསྐྱར་ཏུ་གླུ་ཚིག་ཁྲིད་སྟོན་བྱས་པ་རེད། 

       ཉེན་དེར་མཆོད་སྦྱིན་ལ་བལྟ་རུ་ཡོང་ཡོད་པའི་ཡུལ་སྐོར་བ་མང་བོ་ཡོད་ཅི་།སྤྲོ་སྣང་གི་དགོད་སྒྲས་ཁེངས་ཡོད་པའི་མང་ཚོགས་ཀྱི་གྲལ་ན་ཡང་ཕྱི་རྒྱལ་བ་འགའ་རེས་པར་ཆས་བཟུང་ནས་ལྷོད་ཀྱིས་འཁོར་བཞིན་ཡོད་པ་མ་ཟད།གདོང་ལ་འཛུམ་གྱིས་ཁེངས་ནས་སྐད་གདངས་དམའ་མོས་མཐའ་འཁོར་གྱི་གྲོང་མི་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞེས་ཁ་ཡ་བྱེད་བཞིན་ཡོད།